བོད་ནང་རྒྱ་ནག་གིས་ཕྱི་དངོས་པོ་གཙོ་བཟུང་དགོས་པའི་སློབ་གསོ།
2020.10.30
ཟླ་བ་འདིའི་ནང་རྒྱ་ནག་གཞུང་གིས་པེ་ཅིང་དུ་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་རྒྱ་ནག་གི་ལྟ་རྟོགས་ནན་པོའི་འོག་བོད་དུ་ལྟ་སྐོར་དུ་ཁྲིད་ཡོད་ཅིང་། གཙོ་བོ་རྒྱ་ནག་གཞུང་གིས་ལག་བསྟར་ཤུགས་ཆེ་བྱེད་བཞིན་པའི་དབུག་སྒྲོལ་འགག་སྒྲོལ་ཟེར་བའི་ལས་འགུལ་གྱི་དྲིལ་བསྒྲགས་ཆེད་དམིགས་པ་ཞིག་ཡིན་འདུག བོད་དུ་ལྟ་སྐོར་དུ་ཁྲིད་པའི་གསར་འགོད་པ་དེ་དག་གིས་བོད་ནས་གནས་ཚུལ་བཀོད་སྤེལ་དེ་ཙམ་བྱས་མེད་ཀྱང་། ཕྱོགས་གང་སར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་རིམ་པའི་འདྲ་པར་དང་རྒྱ་མི་རིགས་ཡོངས་རྫོགས་ཁྱིམ་ཚང་གཅིག་ལྟ་བུའི་མཛའ་མཐུན་དགོས་པ། རྒྱ་མི་རིགས་ཀྱི་རྨི་ལམ་དེ་ངོ་བོ་གཅིག་གི་སྒོ་ནས་སྒྲུབ་དགོས་ལུགས་རྒྱ་ཡིག་ནང་འཁོད་པའི་ཕྲེད་དར་སོགས་མཐོང་རྒྱུ་ཡོད་འདུག་ལ། དེ་བཞིན་རྒྱ་གཞུང་གི་ཉེན་རྟོག་པ་དང་དཔུང་དམག་གང་སར་མཐོང་རྒྱུ་ཡོད་པ་སོགས་བཀོད་འདུག བོད་མི་ཚོ་ནི་ཆོས་དད་ཧ་ཅང་ཆེ་བའི་མི་རིགས་ཤིག་ཡིན་ཞིང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ས་ཁུལ་གང་སར་ཕྱག་འཚལ་བསྐོར་སྦྱོང་བྱེད་མཁན་བོད་མི་མང་པོ་མཐོང་རྒྱུ་ཡོད་ན་ཡང་། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་ནས་ས་གནས་ཀྱི་དཔོན་རིགས་བཅས་པ་ཚང་མས་བོད་ཀྱི་ནང་ཆོས་འདི་རྒྱ་ནག་ཅན་དུ་བསྒྱུར་དགོས་པ་བརྗོད་བཞིན་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་འདུ་ཤེས་ཡོངས་སུ་དོར་ནས་རྒྱ་ནག་དམར་ཤོག་ཚོགས་པར་མཐའ་གཅིག་ཏུ་ཡིད་ཆེས་བྱེད་མཁན་དག་ཏུ་བསྒྱུར་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་འདུག
བོད་དུ་ལྟ་སྐོར་དུ་ཁྲིད་པའི་གསར་འགོད་པ་ཚོར་རྒྱ་ནག་གཞུང་གིས་འཆར་ཅན་གྱི་བྱེད་སྲོལ་ལྟར། ཆེད་དུ་གོ་སྒྲིག་བྱས་པའི་བོད་མི་ཁག་ཅིག་དང་སྐད་ཆ་ཤོད་རྒྱུ་བཟོས་ཡོད་ཅིང་། མི་དེ་ནི་ས་གནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཞིག་ཡིན་པ་དང་། ཁོ་པའི་ཁང་པའི་སྒོ་བྱང་དུ་རྒྱ་ཡིག་ནང་དམར་ཤོག་ཚོགས་མིའི་ཁྱིམ་ཚང་ཞེས་བཀོད་འདུག མི་དེ་ནི་གཞིས་ཀ་རྩེའི་ཁུལ་གྱི་ཞིང་པ་ལོ་ན་ ༧༦ ལ་སོན་པ་བསྟན་འཛིན་ཟེར་བ་དེ་ཡིན་པ་དང་། ཁོ་པས་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་ཆོས་ལ་ཡིད་ཆེས་བྱེད་ཆོག་གི་མ་རེད། འདི་ནི་རྩ་འཛིན་གྱི་གནད་དོན་ཞིག་ཡིན་ལ། ཆོས་ལུགས་དང་དམར་ཤོག་ཚོགས་པ་མཉམ་གནས་ཐུབ་ཐབས་མེད་པ་ཞིག་རེད། གལ་ཏེ་མི་ཞིག་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་བྱས་ཚེ་ནང་ཆོས་ཉམས་ལེན་བྱེད་ཆོག་གི་མ་རེད་ཅེས་བརྗོདའདུག
ཨ་རིའི་ནང་གཏན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་རྟོགས་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སོ་ཧྥི་རི་ཆརཌ་སོན་ལགས་ཀྱིས། དབུག་སྒྲོལ་འགག་སྒྲོལ་གྱི་ལས་འགུལ་འདི་མི་དམངས་ཀྱི་ཆོས་དད་རང་དབང་དང་འབྲེལ་བ་བཟོ་བཞིན་པ་དེ་ཡོངས་སུ་ནོར་བ་ཞིག་རེད་ཅེས་ནན་པོས་གསུངས་འདུག ད་དུང་ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་པའི་ཆོས་དང་སྐད་ཡིག རིག་གཞུང་དང་གོམས་སྲོལ། མཐའ་ན་མི་ཚེ་སྐྱེལ་སྟངས་ལ་སོགས་པས་རྒྱ་ནག་གི་ཆབ་སྲིད་ལ་ཉེན་ཁའི་རང་བཞིན་དུ་ལྟ་བཞིན་ཡོད་ལ། རྒྱ་ནག་དམར་ཤོག་ཚོགས་པས་མང་ཚོགས་ཀྱི་ངོས་ནས་དམར་ཤོག་གཞུང་ལ་དགའ་ཞེན་དགོས་པ་ནན་བརྗོད་བྱེད་བཞིན་ཡོད། དེར་བརྟེན་བོད་མིའི་རྣམ་པ་ཕྱོགས་གང་ས་ནས་རྩ་མེད་གཏོང་རྒྱུ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དམིགས་ཡུལ་གཙོ་བོ་ཞིག་རེད་ཅེས་གསུངས་ཡོད།
བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ནས་རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་གཞི་ཟེར་བ་འདི་ནི་བོད་མི་རྒྱ་མིར་བསྒྱུར་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་པའི་སྐྱོན་བརྗོད་གནང་བཞིན་ཡོད་ཅིང་། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགུལ་ཟེར་བ་དེའི་དམིགས་ཡུལ་བརྒྱ་ཆ་དགུ་བཅུ་ཐམ་པ་མི་རིགས་མཉམ་བསྲེས་དང་བརྒྱ་ཆ་དགུ་བཅུ་ཐམ་པ་དྲག་གནོན་ཡིན་པ་གསུངས་ཡོད།
ཕྱི་རྒྱལ་གྱི་གསར་འགོད་པ་དེ་དག་བོད་ཀྱི་རྒྱལ་ས་ལྷ་ས་དང་ཆུ་ཤུལ། གཞིས་ཀ་རྩེ་དང་རྒྱལ་རྩེ། ཀོང་པོ་ཉིང་ཁྲི་སོགས་ལ་ཁྲིད་ཡོད་ཅིང་། བརྙན་པར་ནང་བོད་མི་ཚོ་ལྷ་སའི་ནང་བོད་ཆས་གྱོན་ནས་རྒྱུན་ལྡན་གྱི་མི་ཚེ་སྐྱེལ་བཞིན་པའི་རྣམ་པ་མངོན་གྱི་ཡོད་ན་ཡང་། གྲོང་ཁྱེར་གྱི་ཕྱོགས་གང་སའི་ཁང་བརྩེགས་ཀྱི་གྱང་ལྡེབས་དང་དྲིལ་བསྒྲགས་སྦྱར་པང་སོགས་ཀྱི་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན། དམར་ཤོག་ཚོགས་པར་བརྩི་བཀུར་དགོས། དམར་ཤོག་ཚོགས་པའི་རྗེས་སུ་འབྲངས་ཞེས་པ་སོགས་བོད་མི་ཚོར་རྟག་ཏུ་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པར་ཁ་ཕྱོགས་དགོས་པའི་དྲན་སྐུལ་གྱི་བརྗོད་ཚིག་གིས་ཁེངས་ཡོད་འདུག་ལ། འདི་ནི་རྒྱ་ནག་དམར་ཤོག་ཚོགས་པས་བོད་པ་དད་ལྡན་པ་ཚོར་ཆོས་ལུགས་ཀྱི་བྱ་བར་དོ་སྣང་ཆུང་དུ་བཏང་ནས་ཕྱི་དངོས་པོའི་རྒྱུ་ནོར་ཁོ་སྒྲུབ་ཐད་ཤུགས་སྣོན་མང་ཙམ་རྒྱབ་དགོས་པའི་སློབ་གསོའི་ཆ་ཤས་ཤིག་ཡིན་པ་དང་། འདིའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་བསམ་བློའི་འདུ་ཤེས་འཛིན་སྟངས་འདི་རྒྱ་ནག་སྤྱི་ཚོགས་སྤྱིའི་དེང་དུས་ཀྱི་ཕྱོགས་སུ་སྐྱོད་བཞིན་པ་དེའི་ནང་མཉམ་ཚུད་བྱེད་པའི་སྐུལ་དེད་ཀྱི་རྣམ་གྲངས་ཤིག་ཀྱང་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་འདུག བོད་མི་ཚོར་རྒྱ་ནག་གཞུང་གི་སྲིད་ཇུས་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་གི་ལས་འགུལ་ནང་སྐུལ་དེད་བཏང་བཞིན་པའི་གནས་སྟངས་འོག་སོ་སོའི་རིག་གཞུང་དང་ཆོས་ལུགས་ཉམས་ལེན་བྱེད་ཁོམས་མེད་པ་བཟོ་བཞིན་ཡོད་ཅིང་། དཔེར་ན་ཉེ་ཆར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་དེ་དག་ལྷ་སའི་ཉེ་འགྲམ་གནས་ཆུང་གྲོང་རྡལ་གྱི་འབྲོག་མ་གྲོང་ཚོ་ཞེས་པའི་གྲོང་གསེབ་ཆུང་ཆུང་དེར་ཁྲིད་སྐབས། ས་གནས་གཞན་ནས་གྲོང་ཚོ་འདིར་གནས་སྤོ་བྱེད་དུ་བཅུག་པ་ལོ་ ༤༡ ལ་སོན་པ་བསོད་ནམས་ཟེར་བ་དེས། ཁོ་པ་སོ་སོའི་ནང་མིའི་འཚོ་བ་ཡར་རྒྱས་གཏོང་ཐབས་ཆེད་ལས་ཀའི་ནང་མཉམ་ཞུགས་བྱས་པར་བརྟེན་ད་ཆ་ཆོས་བྱེད་ཁོམས་མེད་པ་བརྗོད་འདུག་ལ། ད་དུང་བསོད་ནམས་ཀྱིས། ངས་ནང་ཆོས་ཡོངས་སུ་དོར་ཟིན་པ་བརྗོད་ཐུབ་ཀྱི་མི་འདུག་ཀྱང་ལས་བྲེལ་དབང་གིས་ཆོས་བྱེད་རྒྱུ་དྲན་གྱི་མི་འདུག་ཅེས་བརྗོད་འདུག
འདས་པའི་ལོ་འགའ་ཤས་ཀྱི་རིང་རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགུལ་ཟེར་བའི་མིང་གི་ཐོག་ནས་བོད་ནང་གི་ཞིང་འབྲོག་མི་སེར་མང་པོ་ཞིག་རང་རང་སོ་སོའི་ཕ་མེས་ནས་འཚོ་བྱེད་བྱེད་སའི་ས་ཆ་ནས་ས་ཁུལ་གཞན་ནང་གནས་སྤོ་བྱེད་དུ་འཇུག་གི་ཡོད་ཅིང་། གནས་སྤོ་ཟིན་རྗེས་མི་དེ་དག་ལ་ལག་ཤེས་སྦྱོང་བརྡར་ཟེར་བ་སྤྲད་ནས་འཚོ་བའི་གནས་ཚད་མཐོ་རུ་གཏོང་གི་ཡོད་ལུགས་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། འོན་ཀྱང་འདི་ལོ་ཕྱི་ཟླ་དགུ་པའི་ནང་བོད་ནང་གི་གནད་དོན་ཉམས་ཞིབ་པ་ཇར་མན་མི་རིགས་ཡིན་པ་ Adrian Zenz ཡིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ལོ་ཙམ་ནས་འགོ་བཙུགས་ཀྱིས་ཁྱོན་བོད་མི་མི་གྲངས་ས་ཡ་ཕྱེད་ཀ་ཙམ་རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་སྦྱོང་བརྡར་ཁང་དེ་དག་གི་ནང་བཏང་ཡོད་པ་དང་། དོན་དུ་སྦྱོང་བརྡར་ཁང་དེ་དག་ནི་ངལ་རྩོལ་བསྒྱུར་བཀོད་ཀྱི་སྦྱོང་བརྡར་ཁང་གི་རྣམ་གྲངས་ཤིག་ཡིན་པ་གསུངས་ཡོད།