ཉི་ཧོང་གིས་ཨེ་ཤེ་ཡའི་ཡུལ་གྲུ་དང་འབྲེལ་ལམ་ལེཌ་སུ་གཏོང་འདོད།
2009.09.04
༄༅༎ཉི་ཧོང་གི་གསར་དུ་འོས་འདེམས་བྱུང་བའི་སྲིད་བློན་ནས་ཉི་ཧོང་ནང་ཡོད་པའི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་གཞུང་ཚབ་ཆེན་མོ་དང་མཇལ་འཕྲད་གནང་ཡོད་པ་རེད།
གཟའ་པ་སངས་ཉིན་ཉི་ཧོང་གི་གསར་དུ་འོས་འདེམས་བྱུང་བའི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་ནས་ཉི་ཧོང་ནང་ཡོད་པའི་རྒྱ་ནག་དང་ལྷོ་ཀོ་རི་ཡའི་གཞུང་ཚབ་ཆེན་མོ་དང་མཇལ་འཕྲད་གནང་ཏེ་མ་འོངས་སྲིད་བློན་མཆོག་གི་ཚོགས་པས་ཨེ་ཤེ་ཡའི་ཡུལ་གྲུ་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་ལུགས་གསལ་སྟོན་གནང་ཡོད་པ་རེད། ཉི་ཧོང་གི་སྲིད་བློན་གསར་པས་རྒྱ་ནག་དང་ལྷོ་ཀོ་རི་ཡའི་གཞུང་ཚབ་ཆེན་མོ་དང་ཐུགས་འཕྲལ་མ་གནང་སྔོན་གསར་འགོད་ལྷན་ཚོགས་ཐོག་ཉི་ཧོང་གི་ཕྱི་འབྲེལ་ཐབས་བྱུས་ནི་རྒྱལ་ཁབ་མང་པོ་མཉམ་བཞུགས་ཀྱི་གྲོས་མོལ་སོགས་ཀྱི་ཐད་ཧ་ཅང་གི་ཞི་འཇམ་དང་སྐྱོ་པོའི་གནས་སྟངས་ཤིག་ཡོད་པ་དང་དམངས་གཙོ་ཚོགས་པས་སྲིད་དབང་འཛིན་པའི་རྗེས་ཕྱི་སྲིད་སྲིད་བྱུས་དེ་རིགས་ལ་འགྱུར་ལྡོག་ཏོང་ཐབས་གནང་རྒྱུ་ཡིན་ལུགས་གསུང་ཡོད་ཅིང་གཟའ་པ་སངས་ཉིན་ཉི་ཧོང་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཚུད་ཐན་ཁད་དང་ལྷོ་ཀོ་རི་ཡའི་གཞུང་ཚབ་ཆེན་མོ་ཀོ་ལྦོན་ཆུལ་ཧན་རྣམ་གཉིས་ཉི་ཧོང་གི་སྲིད་བློན་གསར་པ་ཧ་ཏོ་ཡ་མ་མཆོག་མཇལ་འཕྲད་དུ་ཕེབས་ཡོད་པ་དང་དེ་ནི་ཉི་ཧོང་གི་སྲིད་བློན་གསར་པ་ཡུ་ཀི་ཡོ་ཧ་ཏོ་ཡ་མ་ཡིས་སྲིད་བློན་གྱི་ཐུགས་འགན་བཞེས་པའི་རྗེས་ཨེ་ཤེ་ཡའི་ཡུལ་གྲུའི་དཔོན་རིགས་ཐུགས་ཕྲད་གནང་བ་ཐོག་མ་དེ་ཡིན་པ་རེད། དཔོན་རིགས་གསུམ་དབར་གྱི་མཇལ་མོལ་སྒྲུབ་པའི་རྗེས་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཚུད་ཀྱིས་ང་ཚོས་མ་འོངས་ཡུལ་གཉིས་ཀྱི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་དང་ལྷོ་ཀོ་རི་ཡའི་གཞུང་ཚབ་ཆེན་མོ་ཀོ་ལྦོན་ཡིས་ཉི་ཧོང་གི་སྲིད་བློན་ཧ་ཏོ་ཡ་མ་མཆོག་ལ་ཉི་ཧོང་དང་ལྷོ་ཀོ་རི་ཡ་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་དེ་བཞིན་སྲིད་བློན་མཆོག་གི་དབུ་ཁྲིད་འོག་མ་འོངས་དེ་བས་ཟབ་ཏུ་བསྐྱོད་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་དང་ཉི་ཧོང་གི་སྲིད་བློན་མཆོག་ནས་ཀྱང་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་ཐག་ཉེ་ཤོས་ཀྱི་ཁྱིམ་མཚེས་ཡུལ་གྲུ་གཉིས་ཡིན་པ་དང་ང་ཚོས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཡང་བཟང་པོ་དང་གསར་པ་ཞིག་ཏུ་བསྐྱོད་རྒྱུར་ཡིད་ཆེས་དང་བློ་ཤེད་ཡོད་ཅེས་གསུངས་འདུག