རྒྱ་གར་དང་པཀིསི་ཏན་གྱི་ཞི་མོལ་ལ་དཀའ་ངལ་ཆགས་སྐོར།
2008.08.04
༄༅༎རྒྱ་གར་དང་པཀིསི་ཏན་དབར་ཞི་མོལ་མུ་མཐུད་གནང་རྒྱུར་དཀའ་ངལ་ཆགས་ཡོད་སྐོར་གནད་དོན་དབྱེ་ཞིབ་གནང་མཁན་ཚོས་གསུང་གི་ཡོད་པ་རེད་ ཉེ་ལམ་པ་ཀིསི་ཏན་གྱི་སྲིད་བློན་ ཡུ་སཕ་ར་ཛ་ཇི་ལ་ནི་ ཡིས་ཨཕ་ག་ནིསི་ཏན་གྱི་རྒྱལ་ས་ཀ་སྦུལ་ནང་བྱུང་བའི་འབར་གས་ཀྱི་དོན་རྐྱེན་དེར་ཞིབ་འཇུག་གནང་རྒྱུ་ཁས་ལེན་གནང་བ་དེས་རྒྱ་གར་དང་པ་ཀིསི་ཏན་ཞི་མོལ་གནང་རྒྱུའི་ཆ་རྐྱེན་ལས་དུས་ཚོད་བསྐྱེལ་རྒྱུའི་ལས་དོན་ཞིག་ཆགས་ཀྱི་ཡོད་སྐོར་རྒྱ་གར་གཞུང་གི་ཕྱི་འབྲེལ་དཔོན་རིགས་ཟུར་པ་ ཀན་ལྦལ་སི་སྦལ་ ཡིས་གསུང་འདུག ཡར་རྒྱ་གར་གྱི་སྲུང་སྐྱོབས་ཉམས་ཞིབ་ལྟེ་གནས་ཁང་ཞིག་གི་འགན་འཛིན་ཟུར་པ་སྐུ་ཞབས་ སི་ཡུ་སྦ་སི་ཀར་ ཡིས་སྲིད་བློན་ མན་མོ་ཧན་སིང་ མཆོག་གིས་ད་ལྟའི་གནས་སྟངས་ལ་གཞིགས་སྟེ་ པཀིསི་ཏན་དང་ཞི་མོལ་གནང་བ་དེ་འགྲིག་ཡོད་པ་རེད་ཅེས་དང་ རྒྱ་གར་ངོས་ནས་གྲོས་མོལ་གནང་ཞོར་དུ་པ་ཀིསི་ཏན་ལ་གནོན་ཤུགས་སྤྲོད་རྒྱུ་དེ་འགྲིག་ཡོད་པ་རེད་ཅེས་གསུང་འདུག
ཡང་ཁོང་གིས་པཀིསི་ཏན་དང་གྲོས་མོལ་མ་གནང་ན་ང་ཚོའི་ནུས་པ་གང་ཡོད་དེ་བཏོན་ཐུབ་རྒྱུ་མིན་སྐོར་གསུང་འདུག ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ ཇ་ལྦལ་ཧལ་ནེ་རུའུ་ གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་ཐོག་སློབ་དཔོན་ཟུར་པ་ ཀ་ལིམ་སྦ་ཧ་རྡུར་ ཡིས་པ་ཀིསི་ཏན་དང་འབྲེལ་མོལ་བྱེད་རྒྱུར་ཡུལ་དེའི་སྲིད་བྱུས་ཁག་གཏན་འཁེལ་སུས་གནང་གི་ཡོད་པ་དེ་གསལ་པོ་མེད་པ་དེས་དཀའ་རྙོག་ཆགས་ཡོད་སྐོར་གསུང་འདུག ཁོང་གིས་པ་ཀིསི་ཏན་ནང་གི་སྲིད་བྱུས་ཁག་སྲིད་འཛིན་མུ་ཤ་རཕ་དང་ཡང་ན་སྲིད་འཛིན་ ཇི་ལ་ནི་ དེ་མིན་པ་ཀིསི་ཏན་གྱི་དྲག་པོའི་སྒྲིག་འཛུགས་ཀྱིས་གཏན་འཁེལ་གནང་གི་ཡོད་པ་དེ་ཐེ་ཚོམ་རེད་ཅེས་གསུང་འདུག