རྒྱ་གར་དང་པ་ཀིསྟན་དབར་ས་མཚམས་ཀྱི་གྲོས་མོལ།
2011.05.30
༄༅༎རྒྱ་གར་དང་པ་ཀིསྟན་གྱི་བདེ་སྲུང་གི་དཔོན་རིགས་རྣམས་ཡུལ་གཉིས་ཀྱི་ས་མཚམས་སུ་ཆགས་པའི་སི་ཡ་ཆེན་(Siachen)འཁྱགས་རོམ་གྱི་གནད་དོན་ཐོག་གྲོས་མོལ་གནང་ཡོད་པ་རེད། ཉིན་གཉིས་རིང་ཚོགས་གནང་རྒྱུའི་ཡུལ་གཉིས་ཀྱི་བདེ་སྲུང་ལྷན་ཁང་སོ་སོའི་སྐུ་ཚབ་ཏུ་རྒྱ་གར་ཕྱོགས་ནས་བདེ་སྲུང་དྲུང་ཆེ་སྐུ་ཞབས་པཱར་རྡིབ་ཀུ་མའར་(Pradeep Kumar)དང་པ་ཀིསྟན་གྱི་བདེ་སྲུང་དྲུང་ཆེ་སེ་ཡེརྡ་ཨ་ཐར་ཨ་ལི་(Syed Ather Ali)རྣམ་གཉིས་བར་གྲོས་མོལ་གནང་རྒྱུ་ཡིན་པ་རེད། རྒྱ་གར་གྱི་བདེ་སྲུང་ལྷན་ཁང་གི་དཔོན་རིགས་ཤིག་གིས་ཡུལ་གཉིས་ཀྱི་བདེ་སྲུང་ལྷན་ཁང་སོ་སོའི་དྲུང་ཆེ་རྣམ་གཉིས་ཀྱིས་གསང་བའི་ཐོག་ཀཤ་མིར་མངའ་ཁུལ་དུ་ཆགས་པའི་སི་ཡ་ཆེན་(Siachen)འཁྱགས་རོམ་གྱི་གནད་དོན་ཐོག་གྲོས་མོལ་གནང་ཡོད་སྐོར་གསུངས་འདུག
ཡུལ་གཉིས་དབར་འཁྱགས་རོམ་གྱི་ས་དེའི་ཐོག་དམག་འཁྲུགས་ཐེངས་འགའ་ཤས་བྱུང་ཡོད་པ་དང་ཕྱི་ལོ་ ༢༠༠༣ ལོའི་ཕྱི་ཟླ་ ༡༡ ནང་ཕན་ཚུན་མེ་འཕེན་མི་བྱེད་རྒྱུའི་གྲོས་མཐུན་ཞིག་བཞག་ཐུབ་པ་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་གྱི་མུམ་སྦའི་གྲོང་འཁྱེར་ནང་པ་ཀིསྟན་གྱི་འཇིགས་བསྐུལ་དྲག་སྤྱོད་པས་བསམ་ཡུལ་ལས་འདས་པའི་དྲག་པོའི་རྟོར་རྒོལ་བཏང་བའི་རྗེས་ཡུལ་གཉིས་བར་ཞི་མོལ་གནང་རྒྱུ་དེ་མཚམས་འཇོག་བྱུང་ཡོད་པ་རེད།རྒྱ་གར་གྱི་དྲག་པོའི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་རྣམས་ཀྱིས་ད་ཐེངས་ཀྱི་ཡུལ་གཉིས་ཀྱི་བདེ་སྲུང་དྲུང་ཆེ་རྣམ་པའི་གྲོས་མོལ་དེར་གྲུབ་འབྲས་ཐོན་རྒྱུ་མིན་པ་དང་ཕྱོགས་གཉིས་ཀྱི་ལངས་ཕྱོགས་ཐོག་འགྱུར་བ་འཐེབ་རྒྱུ་མིན་པའི་ཚོད་དཔགས་གནང་གི་ཡོད་པ་རེད།ཀཤ་མིར་མངའ་ཁུལ་དུ་ཆགས་པའི་སི་ཡ་ཆེན་(Siachen)འཁྱགས་རོམ་དེའི་རིང་ཚད་དེ་མེ་ལེ་ ༤༧ དང་ཞེང་ཚད་དེ་མེ་ལེ་ ༥ ལས་མེད་པ་རེད། རྒྱ་གར་ངོས་ནས་དེར་གནད་འགག་ཆེན་པོ་རྩིས་དགོས་པའི་རྒྱུ་མཚན་ནི་ས་ཁུལ་དེ་རྒྱ་གར་གྱི་དགྲ་བོ་པཀིསྟན་དང་རྒྱ་ནག་གི་ཡུལ་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་པ་རེད༎