རྒྱ་གར་ནང་གི་དཀྲོག་གཏམ་དེ་པ་ཀིསྟན་ནས་ཐོན་པ།
2012.08.19
༄༅༎ད་རེས་རྒྱ་གར་ལྷོ་ཕྱོགས་ནང་ཡོད་པའི་ཁ་ཆེ་མང་ཚོགས་ཀྱིས་བྱང་ཤར་མངའ་ཁུལ་ནས་ཡིན་པའི་མི་རིགས་ལ་བྱང་ཤར་ཨ་སམ་མངའ་སྡེའི་ནང་ཁ་ཆེའི་མི་མང་ལ་ རྒོལ་རྡུང་བཏང་བར་དགྲ་ལན་སྤྲོད་རྒྱུའི་སྐོར་ལག་འཁྱེར་ཁ་དཔར་དང་དེ་བཞིན་དྲ་རྒྱའི་ཐོག་གནས་ཚུལ་ཁྱབ་འཕེལ་གྱི་རྗེས་སུ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་བཅས་ནང་གནས་སྡོད་བྱེད་བཞིན་པའི་བྱང་ཤར་མངའ་ཁུལ་མི་མང་སྡོད་འདོད་མ་བཟོད་པར་སོ་སོའི་ས་ཁུལ་ལ་ཕྱིར་ལོག་བྱ་དགོས་པ་བཟོས་དང་བཟོ་བཞིན་པའི་དཀྲོག་གཏམ་གྱི་འབྱུང་ཁུངས་འདི་པ་ཀིསྟན་ནས་འགོ་བཙུགས་ཡོད་པའི་སྐོར་དེ་རིང་རྒྱ་གར་གཞུང་གིས་པཀིསི་ཐན་ལ་སྐྱོན་བཙུགས་གནང་ཡོད་པ་རེད།
དེ་ཡང་དེ་རིང་རྒྱ་གར་གྱི་དབུས་གཞུང་གི་ནང་སྲིད་དྲུང་ཆེ་ཨར་ཀྱེ་སིངྷ་ཡིས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་རྒྱ་གར་གཞུང་ལ་རྒྱ་གར་ནང་ཁ་ཆེའི་མང་ཚོགས་ཀྱིས་བྱང་ཤར་མངའ་ཁུལ་མི་མང་ལ་རྒོལ་རྡུང་གཏོང་རྒྱུའི་གནས་ཚུལ་ཁྱབ་འཕེལ་བྱུང་བ་འདིའི་ཡོང་ཁུངས་ཐོག་མར་པ་ཀིསྟན་ནས་བྱུང་ཡོད་པ་ར་སྤྲོད་ཐུབ་བཞིན་པའི་སྐོར་དང་། དོན་རྐྱེན་དེ་ལྟ་བུ་བྱུང་བ་ད་རེས་དང་པོ་ཡིན་པ་དང་འདི་ནི་ཧ་ཅང་གི་ལས་དོན་ཐབས་སྡུག་ཅིག་ཡིན་པ་གསུངས་ཡོད་པ་རེད།
ཡང་ཁོང་གིས་པཀིསི་ཐན་ལ་བྱ་སྤྱོད་འདིའི་སྐོར་ཐད་ཀར་བཀའ་མོལ་ཞུ་འཆར་ཡོད་པ་དང་ པཀིསི་ཐན་གྱིས་རྒྱུན་ལྡན་ལྟར་ཁས་ལེན་བྱེད་ཀྱི་མ་རེད་ལ། ང་ཚོའི་འཕྲུལ་ལས་པ་ཚོར་ངན་སྐུལ་འདི་པ་ཀིསྟན་ནས་ཁྱབ་སྤེལ་འགོ་བཙུགས་བྱུང་བའི་ཡིད་ཆེས་འཕེར་བའི་ར་སྤྲོད་ཐུབ་སྟེ་ཡོད་སྐོར་གསུངས་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཁུལ་ཁ་ཆེ་བ་ཚོས་བྱང་ཤར་མངའ་ཁུལ་གྱི་མི་རིགས་ལ་རྒོལ་རྡུང་གཏོང་རྒྱུའི་སྐྲོག་གཏམ་འདིས་རྐྱེན་པས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དང་ནུབ་ཕྱོགས་ཀྱི་གྲོང་ཁྱེར་མུམ་སྦཡེ་གཉིས་བཅས་ནང་ལས་ཀ་དང་སློབ་སྦྱོང་བྱས་ཏེ་གནས་སྡོད་བྱེད་མཁན་བྱང་ཤར་མངའ་ཁུལ་གྱི་མི་མང་གསུམ་ཁྲི་ལྔ་སྟོང་ཙམ་སོ་སོའི་མངའ་ཁུལ་ལ་ཕྱིར་ལོག་བྱས་ཡོད་པའི་སྐོར་བརྒྱུད་ལམ་ཁག་གིས་ཚོད་དཔག་གནང་གི་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་མཆོག་གིས་དཀྲོག་གཏམ་ཁྱབ་སྤེལ་བྱས་པ་འདིས་མི་རིགས་ཕན་ཚུན་ཞི་མཐུན་མཉམ་ལས་ལ་ཉེན་ཁ་བཟོ་ཡི་ཡོད་པར་དཀྲོག་གཏམ་ཁྱབ་སྤེལ་བྱེད་མཁན་ར་སྤྲོད་ཐུབ་ཚེ་ཉེས་པ་ཚར་བཅད་གཏོང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།།