རྒྱ་ནག་གིས་ཐེ་ཝན་ཐོག་བྱ་སྤྱོད་སྤེལ་བཞིན་པར་སྟངས་འཛིན་བྱེད་དགོས་ལུགས་རྒྱ་གར་གྱིས་གསུངས་ཡོད་པ།

དེ་ཡང་རྒྱ་གར་གྱི་Tribune གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Arindam Bagchi ལ་གསར་འགོད་ལྷན་ཚོགས་ཐོག་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཐེ་ཝན་ལ་ཕེབས་པའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གིས་ཐེ་ཝན་ཐོག་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་འཛིན་བཞིན་པ་དེའི་ཐོག་དགོངས་ཚུལ་ག་རེ་ཡོད་དམ་ཞེས་བཀའ་འདྲི་ཞུས་པའི་སྐབས། རྒྱ་གར་གྱི་ཕྱོགས་ནས་འབྲེལ་ཡོད་སྲིད་བྱུས་འཛིན་སྟངས་མུ་མཐུད་རྒྱུན་འཁྱོངས་དང་གསལ་པོ་རེད་ལ་དེར་ནན་བརྗོད་བྱེད་དགོས་དོན་གང་ཡང་ཡོད་མ་རེད་ཅེས་གསུངས་པ་དང་ཆབས་ཅིག་ཚང་མས་ཞི་བདེ་གཏན་ལྷིང་ལ་དོ་ཕོག་མི་འགྲོ་བ་བྱེད་རྒྱུ་དང་དེར་གཞིགས་པས་ཟང་ཟིང་གི་གནས་ཚུལ་མི་ཡོང་བའི་ཆེད་སྟངས་འཛིན་ཡག་པོ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་ལན་གནང་བ་ལས། རྒྱ་ནག་གིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་ཚང་མས་རྒྱ་ནག་གཅིག་ཅེས་པའི་ལངས་ཕྱོགས་དེར་གུས་བརྩི་ཞུ་དགོས་ལུགས་བཤད་ཀྱི་ཡོད་པ་དེར། ཨ་མི་རི་ཀས་གཙོས་རྒྱལ་ཁབ་མང་པོ་ཞིག་གིས་ལངས་ཕྱོགས་དེར་འགྱུར་བ་མེད་ལུགས་ཡང་ནས་ཡང་དུ་ནན་བརྗོད་བྱེད་ཀྱི་ཡོད་ཀྱང་། རྒྱ་གར་གྱི་ངོས་ནས་འདིའི་ཐད་དམིགས་བསལ་ནན་བརྗོད་ཀྱིས་རྒྱ་ནག་གཅིག་ཞེས་པ་དེའི་སྐོར་ནན་བརྗོད་གནང་མེད་པ་རེད།
འོན་ཀྱང་ཉིན་ཤས་གོང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས། རྒྱལ་ཁབ་༡༧༠ ཙམ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་རྒྱ་ནག་གཅིག་ཅེས་ལངས་ཕྱོགས་དེར་རྒྱབ་སྐྱོར་དང་ནན་བརྗོད་བྱེད་ཀྱི་ཡོད་ལུགས་གཏམ་བཤད་སྤེལ་ཡོད་པ་དེའི་ཁོངས་སུ་རྒྱ་གར་ཚུད་ཀྱི་མེད་པ་ད་རེས་རྒྱ་གར་གྱི་རྣམ་འགྱུར་བསྟན་ཡོད་རེད་ཅེས་དཔྱད་ཞིབ་བྱེད་འདུག
ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་རྒྱ་ནག་གིས་ཉེན་བརྡ་བཏང་མིན་ལ་མ་ལྟོས་པར་ཐེ་ཝན་ལ་འཚམས་གཟིགས་ཕེབས་པ་མ་ཟད་སྲིད་འཛིན་བགྲེས་གཞོན་རྣམ་གཉིས་ཀྱི་གཙོས་དཔོན་རིགས་རྣམས་མཇལ་འཕྲད་གནང་བ་དེས་རྒྱ་ནག་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པ་རེད་ལ་དེའི་རྗེས་སུ་མུ་མཐུད་ནས་ཐེ་ཝན་མཚོ་ཁའི་ཐོག་དམག་དོན་གྱི་སྡིགས་ར་བསྟུད་མར་སྐུལ་བཞིན་ཡོད་པ་རེད།།
གསར་འགོད་པ། ཪིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག