༧གོང་ས་མཆོག་གིས་ཞི་མཐུན་དང་མཉམ་གནས་སྐོར་གསུངས་འདུག
2017.02.13
༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་མཉམ་གནས་ཡོངས་ཐབས་སུ་རྒྱ་གར་གྱིས་སྣེ་འཁྲིད་ཐུབ་རྒྱུ་ཡིན་སྐོར་གསུངས་འདུག
དེ་ཡང་གཟའ་ཉི་མ་ཕྱི་ཚེས་༡༢་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་དེ་བཞིན་འཛམ་གླིང་ནང་གི་ཆོས་ལུགས་འདྲ་མིན་སྣ་ཚོགས་ཕན་ཚུན་གུས་བརྩི་ལྡན་པའི་ཐོག་ནས་འཆམ་མཐུན་མཉམ་གནས་ཐུབ་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་སྟབས་རྒྱ་གར་གྱི་གནའ་སྔ་མོའི་ཤེས་རབ་དང་རྣམ་དཔྱོད་བེད་སྤྱོད་བྱས་ཏེ། འཛམ་གླིང་ཡོངས་རྫོགས་གཅིག་ཏུ་བསྡུ་རྒྱུར་སྣེ་འཁྲིད་ཐུབ་རྒྱུ་ཡིན་སྐོར་Andhra་Pradesh་མངའ་སྡེ་དང་Telangana་མངའ་སྡེ་གཉིས་ཀྱི་རྒྱལ་ས་Hyderabad་ནང་མང་ཚོགས་ལ་བཀའ་སྩལ་འདུག
ད་དུང་༧གོང་ས་མཆོག་གིས་མགོན་པོ་གང་ཉིད་ཀྱི་རྨི་ལམ་ནི་ཡོ་རོབ་མཐུན་ཚོགས་བཞིན་དུ་འཛམ་གླིང་ཡོངས་རྫོགས་མཐུན་ཚོགས་གཅིག་ཆགས་རྒྱུ་དེ་ཡིན། ཡིན་ནའི་དུས་རབས་འདིའི་ནང་དེ་ལྟར་དངོས་སུ་ཡོང་རྒྱུ་ཁག་པོ་ཡིན་རུང་དམག་དཔུང་མེད་པའི་འཛམ་གླིང་དེ་དུས་རབས་རྗེས་མའི་ནང་ཡོང་སྲིད་པ་རེད། དེ་ལྟར་ཡིན་མོད་ཀྱང་གཞན་ཕན་དང་བྱམས་དང་སྙིང་རྗེའི་སྐོར་གྲོས་མོལ་བྱ་རྒྱུའི་འབད་བརྩོན་བྱེད་དགོས་སྐོར་བཀའ་གནང་འདུག
ཡང་༧གོང་ས་མཆོག་གིས་སྤྱི་ཚོགས་ཕན་ཚུན་དང་མངའ་ཁུལ་ཕན་ཚུན། དེ་བཞིན་རྒྱལ་ཁབ་ཕན་ཚུན་མ་མཐུན་པའི་གནད་དོན་ཡོངས་རྫོགས་གྲོས་མོལ་ལམ་ནས་སེལ་ཐུབ་རྒྱུ་ཡིན་སྟབས་དུས་རབས་༢༡་པ་དེ་བཞིན་གྲོས་མོལ་གྱི་དུས་རབས་གཅིག་ཆགས་རྒྱུའི་ཐུགས་རེ་གནང་གི་ཡོད། འཚེ་བའི་ལས་དང་མི་གསོད་ཁྲག་སྦྱོར་བྱས་པས་ང་ཚོའི་དཀའ་རྙོག་ཁག་དུས་ནམ་ཡང་སེལ་ཐུབ་རྒྱུ་མིན་སྟབས་རྒྱ་གར་གྱི་དབུ་ཁྲིད་སེམས་དཔའ་ཆེན་པོ་གྷན་དྷིས་རྒྱ་གར་རང་བཙན་བླངས་གནང་བ་བཞིན་དུ་འཚེ་མེད་ཞི་བའི་ལམ་བུར་ང་ཚོ་ཞུགས་དགོས་སྐོར་བཀའ་གནང་འདུག
ཡང་༧གོང་ས་མཆོག་གིས་༧མགོན་པོ་གང་ཉིད་ནི་ཡོ་རོབ་མཐུན་ཚོགས་ལ་ཡི་རང་བསྔགས་བརྗོད་ཞུ་མཁན་ཞིག་ཡིན་པ་དང་། ཡོ་རོབ་མཐུན་ཚོགས་བཞིན་དུ་ཨ་ཧྥེ་རི་ཀའི་མཐུན་ཚོགས་བཟོ་ཐུབ་པ་ཡིན་ན་གོ་མཚོན་ལག་ཆ་ཉོ་རྒྱུར་དངུལ་མང་པོ་གཏོང་བཞིན་པ་ཁག་གསོག་འཇོག་ཐུབ་རྒྱུ་ཡིན་པ་དང་། ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཁག་ཀྱང་མཐུན་ཚོགས་གཅིག་བཟོ་དགོས་སྐོར་བཀའ་གནང་འདུག
ཡང་ཨ་མེ་རི་ཀའི་སྲིད་འཛིན་ཌོ་ནལཌ་ཏྲ་རམཔ་(Donald Trump)་ཡིས་ཨ་རི་དང་མེཀ་ཛི་ཀོ་གཉིས་དབར་རྒྱང་གསར་རྒྱག་བྱ་རྒྱུའི་སྐོར་གསུངས་པ་དེའི་ཐད་༧གོང་ས་མཆོག་གིས། མེཀ་ཛི་ཀོ་དེ་བཞིན་ཨ་རིའི་མཐུན་ཚོགས་ཀྱི་ཆ་ཤས་ཤིག་ཆགས་དགོས་སྐོར་དང་། ཡང་ཨེ་ཤི་ཡའི་ནང་གི་རྒྱལ་ཁབ་ཆེ་གྲས་རྒྱ་གར་དང་རྒྱ་ནག་དེ་བཞིན་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཉི་ཧོང་བཅས་ཀྱིས་ཨེ་ཤི་ཡའི་མཐུན་ཚོགས་ཤིག་ཡོང་བའི་འབད་བརྩོན་གནང་དགོས་སྐོར་བཀའ་གནང་འདུག
སྤྱི་ཚེས་༡༣་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱིས་མཛད་འཕྲིན་ཁག་ལེགས་པར་འགྲུབ་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།