རྒྱ་གར་གྱི་དམངས་གཙོའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།
2009.01.26
༄༅༎རྒྱ་གར་དམངས་གཙོའི་དུས་དྲན་གྱི་མཛད་སྒོའི་སྐབས་ཉེ་ལམ་མུམ་སྦའེ་གྲོང་ཁྱེར་ནང་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་གནང་མཁན་ཚེ་སྲོག་ཤོར་བའི་དཔའ་བོ་རྣམས་ལ་བྱ་དགའ་གསོལ་སྩལ་གནང་ཡོད་པ་རེད།
དུས་དྲན་གྱི་མཛད་སྒོར་སྲིད་འཛིན་ལྕམ་པར་ཏི་སྦ་པ་ཏེལ་མཆོག་གིས་ཡུལ་གྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་དེ་མུམ་སྦའེ་གྲོང་ཁྱེར་ནང་རང་སྲོག་བློས་བཏང་གནང་མཁན་བསྐོར་སྲུང་བ་དང་དམག་མི་བཅུ་གཅིག་གི་ནང་མི་རྣམས་ལ་གསོལ་སྩལ་གནང་ཡོད་པ་རེད། ཡུལ་གྱི་དམངས་གཙོའི་དུས་དྲན་དེ་ཤིན་ཏུ་སྲུང་སྐྱོབས་ལྡན་པའི་ཐོག་སྲུང་བརྩི་ཞུས་ཡོད་ཅིང་རྒྱལ་ས་ལྡི་ལིའི་བསྐོར་སྲུང་བའི་མགྲིན་ཚབ་པ་རཱ་ཇན་རྦ་གཏ་ཡིས་འདི་ལོའི་དུས་དྲན་དེར་ང་ཚོར་བསྐོར་སྲུང་བ་མང་བ་དང་གནམ་གྲུ་གཏོར་རྒྱུའི་མེ་མདའ་དང་དྲག་སྤྱོད་པར་ཁ་གཏད་གཅོག་རྒྱུར་ཐད་འཕུར་གནམ་གྲུ་གསུམ་ལམ་སེང་གཏོང་ཕྱོགས་གྲ་སྒྲིག་ཡོད་སྐོར་གསུང་འདུག དུས་དྲན་དུ་སྐུ་མགྲོན་གཙོ་བོ་ཀ་ཛ་ཀི་སི་ཐན་གྱི་སྲིད་འཛིན་ནུར་སུལ་ཏན་ན་ཛར་སྦ་ཡེལྦ་མཆོག་གདན་འདྲེན་ཞུས་ཡོད་པ་དང་སྲིད་བློན་མཱན་མོ་ཧན་སིང་མཆོག་ཉེ་ལམ་སྙིང་གི་གཤག་བཅོས་གནང་སྟབས་དུས་དྲན་དུ་ཕེབས་ཐུབ་མེད་པ་རེད།
ཡིན་ནའང་ཁོང་གི་བློན་ཆེན་རྣམས་དང་ཕྱོགས་འགལ་ཚོགས་པའི་སྲིད་དོན་པ་རྣམས་ཀྱིས་རུ་བསྟར་ཁག་དང་ལྕགས་ཁྲབ་འཁོར་ལོ་དང་གནམ་ནས་དམག་གྲུ་འཕུར་བ་དང་ཐད་འཕུར་གནམ་གྲུ་ནས་མར་མི་མང་ལ་རྒྱ་སེ་མེ་ཏོག་འཐོར་བ་སོགས་གནང་ཡོད་པ་རེད།
དེ་བཞིན་རཇ་པཐ་ཞེས་པའི་ལམ་ཆེན་ནས་རེདྲི་ཕོདྲ་ཞེས་པའི་ཁར་དེའི་བར་ཡུལ་གྱི་མངའ་སྡེ་ཉི་ཤུ་རྩ་དགུ་ཡིས་སྣུམ་འཁོར་སྟེང་སྒྲིག་པའི་འགྲེམས་སྟོན་ཁག་དེར་འདུས་སྐུ་མགྲོན་དང་མི་མང་རྣམས་ལ་སྤྱན་བསྟར་གནང་ཡོད་པ་རེད། ཡིན་ནའང་ཇམ་མུ་དང་ཀ་ཤི་མིར་མངའ་སྡེའི་ནང་དྲག་སྤྱོད་པ་ཚོས་དུས་དྲན་ལ་ངོ་རྒོལ་ཆེད་སྲུང་བརྩི་ཞུས་མེད་པ་དང་དེ་བཞིན་ཡུལ་གྱི་བྱང་ཤར་མངའ་སྡེ་ཁག་དང་དབུས་ཕྱོགས་མངའ་ཁུལ་གྱི་མའོ་གྱེན་ལོག་པས་དུས་དྲན་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།