རྒྱ་དཀར་ནག་བར་ཕྱི་འབྲེལ་འགོ་བཙུགས་ནས་ལོ་ ༧༥ འཁོར་བར་ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་འབྲུག་དང་གླང་ཆེན་གར་འཁྲབ་པ་བཞིན་དགོས་པ་བརྗོད་འདུག
རྒྱ་དཀར་ནག་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་ནའང་། རྒྱ་གར་གྱིས་འདས་པའི་ཉམས་མྱོང་ལས་བློ་སྦྱེད་བླངས་ཏེ་རྒྱ་ནག་གི་བྱེད་བབ་ལ་དོགས་གཟོན་དགོས་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
རྒྱ་དཀར་ནག་གཉིས་དབར་ཕྱི་འབྲེལ་བཙུག་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ (Xi Jinping) གིས་རྒྱ་གར་གྱི་སྲིད་འཛིན་དོར་པ་ཏི་མུར་མུ་ (Droupadi Murmu) ལ་འཚམས་འདྲི་དང་སྦྲགས། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཕུག་རྒྱང་རིང་པོར་དམིགས་པའི་སྒོ་ནས། རྒྱལ་ཁབ་གཉིས་མཚོན་པའི་སེམས་ཅན་འབྲུག་དང་གླང་ཆེན་གྱི་གར་འཁྲབ་པ་ (‘Dragon-Elephant tango’) བཞིན་མཉམ་ལས་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་པར། གནད་དོན་དབྱེ་ཞིབ་པ་ཚོས་ཨ་རིའི་ཊམཔ་སྲིད་གཞུང་གིས་རྒྱ་ནག་སྒོ་ཁྲལ་ཆེན་པོ་བཀལ་བ་དང་། ལྷག་པར་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་སྟབས། ཁྱིམ་མཚེས་རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་ཚད་མཐོའི་ཡར་རྒྱས་འགྲོ་བཞིན་པར་ཚོང་འབྲེལ་ཡར་རྒྱས་གཏོང་ཐབས་སུ་མགོ་སྐོར་བསླུ་བྲིད་བྱེད་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

དེ་ཡང་ཕྱི་ཟླ་ ༤ ཚེས་ ༡ རེས་གཟའ་མིག་དམར་ཉིན། རྒྱ་གར་གནས་འཁོད་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་ཕྱི་ལོ་ ༡༩༥༠ ལོར་ཐོག་མར་བཙུགས་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་གོ་སྒྲིག་བྱས་པར། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་བིཀ་རམ་མི་སི་རི་ (Vikram Misri) ཕེབས་འདུག་ཀྱང་། དེ་འབྲེལ་རྒྱ་ནག་གཞུང་ཚབ་ངོས་ནས་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ་ལས་རྒྱ་གར་གྱིས་གནས་ཚུལ་དྲིལ་བསྒྲགས་ཆེན་པོ་བྱས་མི་འདུག
རྒྱ་གར་གནས་འཁོད་རྒྱ་ནག་གི་གཞུང་ཚབ་ཤུ་ཕི་ཧོང་ (Xu Feihong) གིས་སྤྱི་ཚོགས་དྲ་རྒྱ་ (X) ཐོག རྒྱ་གར་སྲིད་འཛིན་ངོས་ནས་ཀྱང་རྒྱ་དཀར་ནག་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་འབོར་བསྡོམ་ན་འཛམ་བུ་གླིང་གི་མི་འབོར་གསུམ་ཆ་གཅིག་གྲུབ་ཀྱི་ཡོད་པས། བརྟན་ལྷིང་ལྡན་པའི་འབྲེལ་ལམ་བྱུང་ན་རྒྱལ་ཁབ་གཉིས་ཙམ་མིན་པར་འཛམ་གླིང་ཡོངས་ལ་ཕན་ནུས་ཆེན་པོ་ཡོང་ཐུབ་ཅེས་བརྗོད་འདུག་ལ། དེ་དང་ཕྱོགས་མཚུངས། རྒྱ་གར་གི་སྲིད་བློན་ནཱརེན་དྲ་མོ་དྷི་ (Narendra Modi) དང་རྒྱ་ནག་གི་སྲིད་བློན་ལི་ཆང་ (Li Qiang) གཉིས་དབར་ཡང་འཚམས་འདྲི་བརྗེ་རེས་བྱུང་བའི་བརྒྱུད། མོ་དྷིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་བཟང་པོ་གནས་དགོས་པ་ནི་འཛམ་གླིང་སྤྱིའི་བརྟན་ལྷིང་དང་ལྷག་པར་དུ་གོ་ལའི་སྟེང་སྟོབས་ཤུགས་གཅིག་གི་དབང་འསྒྱུར་མིན་པར། སྟོབས་ཤུགས་སྣ་མང་དང་འདྲ་མཉམ་ལྡན་པའི་འཛམ་གླིང་ཞིག་ཡོང་བར་གལ་གནད་ཆེན་པོ་ཡིན་པ་ནན་བརྗོད་བྱས་འདུག
འདས་པའི་ལོ་ཤས་ནང་རྒྱ་དཀར་ནག་གཉིས་དབར་འབྲེལ་ལམ་བརྟན་ལྷིང་མེད་པའི་རིམ་པ་མང་དག་ཅིག་བྱུང་ཡོད་དེ། ཕྱི་ལོ་ ༢༠༢༠ ནས་ཟུང་འཕགས་བོད་ས་མཚམས་གྷལ་ཝན་ལུང་གཤོངས་ (Galwan Valley) སུ་རྒྱ་དཀར་ནག་གི་མཐའ་སྲུང་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་རྗེས། ཕྱོགས་གཉིས་ཀྱིས་ས་མཚམས་ཁུལ་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་དང་། ས་མཚམས་རྩོད་རྙོག་གི་གནད་དོན་ཞི་འགྲིག་མ་ཐུབ་པར་ལོ་ཤས་ལྷག་ནས། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡༠ ནང་(BRICS) ཚོགས་ཆེན་དུ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གར་གི་སྲིད་བློན་ན་རེནྡྲ་མོ་དྷི་ (Narendra Modi) གཉིས་ཐུག་འཕྲད་བྱུང་རྗེས་ཞི་སྒྲིག་གི་ཐབས་ལམ་ཐོག་མར་འགོ་བཙུག་ཡོད་པ་རེད།
དེ་ནས་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་དང་ཆེད་མཁས་པའི་བགྲོ་གླེང་དང་མཚམས་གཟིགས་རིམ་པར་སྤེལ་བའི་བརྒྱུད་རིམ་ནང་། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་ཁབ་གཉིས་དབར་ས་མཚམས་དང་འབྲེལ་བའི་གྲོས་མོལ་ཚོགས་འདུ་ཐེངས་ ༣༣ པ་འཚོགས་ཏེ། རྒྱ་དཀར་ནག་གི་མཐའ་མཚམས་ས་ཁུལ་གྱི་དངོས་གཞིའི་སྟངས་འཛིན་ས་ཐིག་ (Line of Actual Control) གི་གནས་སྟངས་ལ་བསྐྱར་ཞིབ་བྱས་ནས་འབྲེལ་ལམ་བཟང་ཕྱོགས་ཐོག་བསྐྱོད་བཞིན་ཡོད་པ་སྤེལ་འདུག
འོན་ཀྱང་རྒྱ་གར་གི་མངའ་སྡེ་ཧར་ཡ་ན་རུ་རྟེན་གཞི་བྱས་པའི་ (OP Jindal Global University) གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་ཤྲི་པར་ན་པ་ཋག་ (Sriparna Pathak) གིས་གསུངས་དོན་ལ། སྐད་ཆ་བཤད་པ་ལས་ལག་བསྟར་བྱེད་ན་བརྡ་ལན་གསལ་བ་ཐོན་ཐུབ་པས། རྒྱ་གར་ངོས་ནས་འདས་པའི་ཉམས་མྱོང་ལས་རྒྱ་ནག་གི་བྱ་སྤྱོད་ལ་རྒྱུས་ལོན་ཡོད་སྟབས། རྒྱ་ནག་ལ་རང་གི་སྨན་གྱི་བྲོ་བ་མྱོང་བཅུག་འདོད་ཀྱིས་ཕྱི་འབྲེལ་གྱི་འཚམས་འདྲི་སོགས་མུ་མཐུད་བརྗེ་ལེན་བྱས་ཀྱང་། རྒྱ་ནག་གིས་སླར་ཡང་འཇབ་རྒོལ་བྱས་སྲིད་པར་གྲ་སྒྲིག་ཀྱང་བྱེད་བཞིན་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མ་འོངས་པར་རྒྱ་ནག་གི་འཐབ་རྒོལ་ལས་ལྡོག་ཐབས་སུ། རྒྱ་གར་གྱི་སྲིད་བློན་ནཱརེན་དྲ་མོ་དྷིས་འདི་ལོའི་ཕྱི་ཟླ་ ༡ ནང་། འཛམ་གླིང་གི་ཆེས་མཐོ་བའི་ཕུག་ལམ་ཞིག་རྒྱ་གར་གྱི་ཇམ་མུ་དང་ཀཱཤ་མིར་(Jammu & Kashmir)་མངའ་ཁུལ་གྱི་སོན་མར་གྷི་ཕུག་ལམ་ (Sonmarg tunnel) ཞེས་པ་ཞིག་དབུ་འབྱེད་གནང་བ་དང་། རྒྱ་གར་ངོས་ནས་ས་མཚམས་སྲུང་སྐྱོབ་ཆེད་མུ་མཐུད་འགྲོ་གྲོན་གཏོང་མུས་རེད་འདུག
དེ་མ་ཟད་རྩིས་ལོ་ ༢༠༢༥-༢༦ ལོར་རྒྱ་གར་གྱི་བདེ་སྲུང་ལས་ཁུངས་ལ་སྔོན་རྩིས་ཨ་སྒོར་ཐེར་འབུམ་ ༧༧ ལྷག་གཏན་འབེབས་བྱས་པ་ནི་ད་བར་གྱི་སྔོན་རྩིས་མ་དངུལ་གྲངས་མཐོ་ཤོས་དེ་ཆགས་འདུག་ཅིང་། ཤྲི་པར་ན་པ་ཋག་གིས་སྔོན་རྩིས་དེའི་དུམ་བུ་ཆེ་བ་ཞིག་ (Line of Actual Control) ཞེས་པའི་རྩོད་གཞི་ཆེ་བའི་ས་མཚམས་ས་ཁུལ་དེར་འཛུགས་བསྐྲུན་ཆེད་ཡིན་པས། གང་ལྟར་རྒྱ་གར་ངོས་རྒྱ་ནག་ལ་ ༢༠༢༠ ལོའི་སྔོན་ལྟར་གྲོགས་འདྲིས་ཀྱི་ལམ་ཁ་ཕྱེ་མེད་པ་གསུངས་སོང་།
གཞན་ཡང་གནད་དོན་དབྱེ་ཞིབ་པ་ཚོས་དེང་སྐབས་རྒྱ་གར་དང་རྒྱ་ནག་གཉིས་ལྷོ་ཨེ་ཤེ་ཡའི་ནང་སྟོབས་ཤུགས་ལ་འགྲན་རྩོད་ཀྱིས་དབང་ཤུགས་རྒྱ་བསྐྱེད་ཆེ་རུ་གཏོང་ཐབས་བྱེད་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱ་ནག་གིས་བརྒྱུད་གཅིག་ལམ་གཅིག་ལས་གཞི་འོག་བལ་ཡུལ་ལ་སོགས་པའི་སྟོབས་ཤུགས་ཆུང་བའི་རྒྱལ་ཁབ་ཁག་ནང་འཛུགས་བསྐྲུན་ལས་གཞི་མང་དག་ཅིག་སྤེལ་བ་བརྒྱུད་ལྷོ་ཨེ་ཤེ་ཡ་སྤྱི་ལ་དབང་བསྒྱུར་ཐབས་ཀྱི་སྒོ་འབྱེད་ཀྱི་ཡོད་པ་བོད་ཀྱི་སྲིད་བྱུས་ཉམ་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ཡིས་འགྲེལ་བརྗོད་གནང་གི་འདུག
ཡང་རྒྱ་ནག་གི་ལྷོ་ཨེ་ཤེ་ཡའི་ཁུལ་དུ་རྒྱ་ནག་གིས་ཤུགས་རྐྱེན་སྤྲོད་བཞིན་པའི་དཔེ་གཞན་ཞིག་ནི། ཉེ་ལམ་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ཟློས་གར་ཚོགས་པ་ཞིག་ཆེད་གཏོང་གིས་འཁྲབ་སྟོན་བྱས་ཡོད་པ་མ་ཟད། དེའི་གཞུང་འབྲེལ་གསལ་བསྒྲགས་ནང་འབྲུག་གཞུང་གིས་བོད་མིང་ལ་ཨིན་སྐད་ཐོག་རྒྱ་གཞུང་གིས་བཙན་འགེལ་ལྟར། ཤི་ཙང་ཞེས་བེད་སྤྱོད་བྱས་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།