རྒྱ་གར་གནས་འཁོད་རྒྱ་ནག་གཞུང་ཚབ་ཀྱིས་རྒྱ་དཀར་ནག་གི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་བཞིན་པ་བརྗོད་འདུག

2025.02.26
རྒྱ་གར་གནས་འཁོད་རྒྱ་ནག་གཞུང་ཚབ་ཀྱིས་རྒྱ་དཀར་ནག་གི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་བཞིན་པ་བརྗོད་འདུག རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་ཤུ་ཕི་ཧོང་། ༢༠༢༥།༠༢།༢༥ ཉིན།
Xu Feihong/X

ཟླ་ཤས་གོང་ནས་རྒྱ་དཀར་ནག་གཉིས་དབར་གྱི་འགོ་ཁྲིད་ཕན་ཚུན་དབར་ཐུག་འཕྲད་སོགས་བརྒྱུད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱེད་བཞིན་པའི་ཁྲོད། འདི་ཚེས་ ༢༥ ཉིན། རྒྱ་གར་རྒྱལ་ས་ལྡི་ལིར་སྐོང་ཚོགས་གནང་བའི་རྒྱ་ནག་རྒྱ་གར་གཞོན་སྐྱེས་གྲོས་མོལ་ཞེས་པའི་འདུ་འཛོམས་ཐོག་རྒྱ་ནག་གཞུང་ཚབ་ཤུ་ཕི་ཧོང་ (Xu Feihong) གིས།  རྒྱ་དཀར་ནག་གི་འབྲེལ་ལམ་སླར་གསོའི་ཕྱོགས་སུ་བསྐྱོད་བཞིན་ཡོད་པའི་སྐབས་འདིར། ཕྱིའི་རྒྱལ་ཁབ་ཁག་ནས་རྒྱ་དཀར་ནག་གི་འཆམ་མཐུན་ལ་མི་དགའ་མཁན་ཡོད་ནའང་། རྒྱ་དཀར་ནག་གཉིས་དེ་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་གཞན་རྣམས་ཀྱི་རྒྱ་ནག་ནི་ཉེན་ཁ་ཡིན་པའི་གཏམ་བརྒྱུད་ནི་འུད་བརྗོད་ཡིན་སྐོར་བཤད་འདུག

གནད་དོན་དེ་དང་འབྲེལ་རྒྱ་གར་ཉམས་ཞིབ་ལྟེ་གནས་ཁང་ (Observer Research Foundation)  གི་ཉམས་ཞིབ་པ་ཀལ་པིཏ་མན་ཀི་ཀར་ (Kalpit Mankikar) ལགས་ཀྱིས། རྒྱལ་ཁབ་གཉིས་བར་གྱི་ལོ་བཞི་ལྔ་ཙམ་གྱི་ས་མཚམས་རྩོད་རྙོག་རྗེས་ཞི་འགྲིག་ཡོང་རྒྱུ་དེར་རྒྱུ་མཚན་མང་དག་ཅིག་ཡོད་སྲིད་ཀྱང་། གཅིག་ནི་ཨ་རི་ནང་ཌོ་ནལཌི་ཊམཔ་གྱི་སྲིད་གཞུང་བསླེབས་ཡོད་པའི་རྐྱེན་གྱིས་རྒྱ་ནག་གིས་རྒྱ་གར་ལྷན་འབྲེལ་བ་ཡར་རྒྱས་གཏོང་ཐབས་འབད་རྩོལ་བྱས་པ་ཞིག་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་བའི་རྒྱ་ནག་རྒྱ་གར་གཞོན་སྐྱེས་གྲོས་མོལ་ཐེངས་གསུམ་པའི་ཐོག་རྒྱ་ནག་གཞུང་ཚབ་ (Xu Feihong) གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐད་གཏམ་བཤད་བྱས་པའི་ནང་། སྔ་ལོའི་ཟླ་ ༡༠ ཚེས་ ༢༣ ཉིན་རྒྱ་གར་གྱི་སྲིད་བློན་(Narendra Modi)དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ར་ཤེ་ཡའི་གྲོང་ཁྱེར་(Kazan) འཚོགས་པའི་ (BRICS) ཞེས་པའི་མཉམ་སྦྲེལ་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཀྱི་ཞོར་དུ་ཟུར་མཇལ་གནང་ཡོད་པ་དང་། མཇལ་འཕྲད་སྐབས་དབུ་ཁྲིད་གཉིས་ནས་རྒྱ་དཀར་ནག་གཉིས་དབར་ཡིད་ཆེས་སྲ་བརྟན་དང་། ས་མཚམས་ཀྱི་དཀའ་རྙོག་སོགས་མི་མཐུན་པའི་གནད་དོན་ཐད་གྲོས་མོལ་བརྒྱུད་དཀའ་སེལ་ཡོང་རྒྱུ་སོགས་འབྲེལ་ལམ་ཡར་རྒྱས་དང་ཕན་ཚུན་མཉམ་ལས་སོགས་བརྒྱུད། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཕུགས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་མོས་མཐུན་བྱས་ཡོད། ཅེས་དང་།GkpMNUrXEAAJy6r.jpg

དེ་བཞིན་ཁོང་གིས་མུ་མཐུད་རྒྱ་དཀར་ནག་གཉིས་ཀྱི་དམིགས་བསལ་སྐུ་ཚབ་ཀྱི་ཚོགས་འདུའི་བརྒྱུད། རྒྱལ་ཁབ་ཕྱོགས་གཉིས་ནས་ཕན་ཚུན་བསམ་ཤེས་དང་མཉམ་ལས་སོགས་དང་འབྲེལ་བའི་ཐག་གཅོད་ཁག་གཅིག་བྱུང་ཡོད་པས། གནད་དོན་དེ་དག་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དང་ཡར་རྒྱས་དང་། དེ་བཞིན་གཞོན་སྐྱེས་ཕན་ཚུན་དབར་བསམ་བློ་དང་ཤེས་ཡོན་བརྗེ་ལེན་སོགས་ཀྱི་སྡིངས་ཆ་བསྐྲུན་ཡོད་ཅེས་བརྗོད་འདུག

དེ་དང་ཕྱོགས་མཚུངས་ཁོང་གིས་རྒྱལ་ཁབ་གཉིས་ཀྱི་གཞོན་སྐྱེས་ཀྱི་འབྲེལ་ལམ་གཙིགས་ཆེར་འཛིན་བཞིན། འདི་ལོར་རྒྱ་དཀར་ནག་གཉིས་ནས་ཕྱི་འབྲེལ་གྱི་འབྲེལ་ལམ་བཙུགས་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་བརྒྱུད། རྒྱལ་ཁབ་ཕྱོགས་གཉིས་ཀྱི་གཞོན་སྐྱེས་ཚོས་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་ཡར་རྒྱས་ཐད་ནུས་པ་སྤུངས་ཐུབ་པའི་རེ་བ་ཡོད་པ་དང་། ཕྱོགས་གཉིས་ཀྱི་གཞོན་སྐྱེས་དབར་བསམ་ཚུལ་བརྗེ་ལེན་སོགས་ཀྱི་གོ་སྐབས་མུ་མཐུད་བསྐྲུན་པ་བརྒྱུད། གཞོན་སྐྱེས་དེ་དག་དབར་ཤེས་ཡོན་དང་ཚན་རིག འཕྲུལ་རིག རིག་གཞུང་དང་རྩེད་རིགས་སོགས་ཕྱོགས་གང་སྤྱིའི་ཐད་མཉམ་ལས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། རྒྱ་གར་གཞུང་ངོས་ནས་ཀྱང་རྒྱ་ནག་གི་གཞོན་སྐྱེས་རྣམས་རྒྱ་གར་དུ་ཡོང་རྒྱུའི་ཐད་མཐུན་རྐྱེན་སྦྱོར་རྒྱུའི་རེ་བ་ཡོད་པ་བརྗོད་འདུག

རྩ་བའི་ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གཉིས་ནས་ལ་དྭགས་ཀྱི་གྷལ་ཝན་ལུང་ཁུལ་དུ། ཕྱོགས་གཉིས་ཀྱི་དམག་དཔུང་བར་གདུང་ཐུག་དང་དམག་མིར་ཤི་སྐྱོན་སོགས་ཀྱི་གནད་དོན་དང་འབྲེལ། ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་དང་། རྒྱ་དཀར་ནག་གཉིས་ནས་འདས་པའི་ལོ་ངོ་བཞི་རིང་ས་མཚམས་རྩོད་རྙོག་གི་གནད་དོན་ཞི་འགྲིག་མ་ཐུབ་པར་ལྷག་ཡོད་ན་ཡང་། ཉེ་ལམ་ནས་ཕྱོགས་གཉིས་ཀྱི་མཐོ་རོམ་འགོ་ཁྲིད་བར་གྲོས་མོལ་འགོ་འཛུགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཞི་འགྲིག་ཡོང་ཐབས་སུ་འབད་རྩོལ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས། ལོ་ཡག་བཀྲ་ཤིས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།












བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎