ཀོང་རེ་སི་ཚོགས་པས་མནའ་འབྲེལ་གཞུང་འཛུཌ་རྒྱུའི་གྲོས་འགོ།
2009.05.05
༄༅༎རྒྱ་གར་གྱི་ཀོང་རེ་སི་ཚོགས་པའི་ཚོགས་མི་དང་སྲིད་བློན་དམ་པ་ར་རྗིབ་རྒན་རྡིའི་སྲས་ར་ཧུལ་རྒན་རྡིས་ལྡི་ལིའི་ནང་གསར་འགོད་ལྷན་ཚོགས་ཐོག་ལ་རྒྱ་གར་གྱི་གྲོས་ཚོགས་ཀྱི་འཐུས་མི་འདེམས་སྒྲུག་གི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་སུ་ཀོང་རེ་སི་ཚོགས་པར་རྐུབ་སྟེགས་གང་འཚམ་འཐོབ་པ་ཡིན་ཚེ་མནའ་འབྲེལ་སྲིད་གཞུང་ཞིག་གསར་འཛུགས་གནང་རྒྱུའི་ཆེད་དུ་རྒྱ་གར་གྱི་དམར་ཤོག་ཚོགས་པ་ཁག་གིས་ལག་སྦྲེལ་གནང་ཐབས་གནང་རྒྱུའི་གྲོས་འགོ་བཏོན་གནང་ཡོད་པ་རེད།
རྒྱ་གར་གྱི་ཆབ་སྲིད་ཐད་ལ་ཞིབ་འཇུག་གནང་མཁན་ཚོས་གསུངས་ན་དམར་ཤོག་ཚོགས་པའི་རྒྱབ་སྐྱོར་དང་ལག་སྦྲེལ་མེད་ན་ཀོང་རེ་སི་ཚོགས་པས་མནའ་འབྲེལ་སྲིད་གཞུང་ཞིག་འཛུགས་བསྐྲུན་གནང་ཡག་དཀའ་ལས་ཁག་པོ་ཞེ་དྲག་ཡིན་པ་རེད། རྒྱུ་མཚན་ག་རེ་ཡིན་ནམ་ཞེ་ན་རྒྱ་གར་ཤར་ཕྱོགས་ནུབ་རྦེང་རྒོལ་དང་རྒྱ་གར་ལྷོ་ནུབ་ཀེ་ར་ལ་བཅས་ཀྱི་ནང་མི་མང་གི་ཁྲོད་ལ་དམར་ཤོག་ཚོགས་པར་དགའ་མོས་ཆེན་པོ་བྱེད་མཁན་ཧ་ཅང་མང་བ་ཡོད་པ་དང་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་དམར་ཤོག་ཚོགས་པར་རྐུབ་སྟེགས་ཁྱོན་ཆེན་ཡོད་པ་རེད། ཁ་ས་ཀོང་རེ་སི་ཚོགས་པའི་ཚོགས་མི་ར་ཧུལ་རྒན་རྡིས་རྒྱ་གར་གྱི་འོས་བསྡུ་ཚར་བའི་རྗེས་སུ་ཀོང་རེ་སི་ཚོགས་པ་མཉམ་དུ་མནའ་འབྲེལ་སྲིད་གཞུང་འཛུགས་འོད་ཡོད་ན་ས་ཆ་སྟོང་པ་རེད། ཡིན་ནའང་ཀོང་རེ་སི་ཚོགས་པའི་ཆབ་སྲིད་དང་ལྟ་བའི་དགྲ་ཡ་ཧིན་རྡུའི་རྒྱལ་ཞེན་ཚོགས་པ་རྦི་ཇེ་པི་དང་མཉམ་དུ་མནའ་འབྲེལ་བྱ་རྒྱུ་མཐའ་ཅིག་ཏུ་མོས་མཐུན་མེད་ཅེས་གསལ་བསྒྲགས་གནང་ཡོད་པ་རེད།