པ་ཀིསྟན་གྱི་འཇིགས་སྐུལ་དྲག་སྤྱོད་པར་སྲོག་ཁྲིམས་བཅད་པ།
2011.02.21
༄༅༎༢༠༠༨ལོར་གྲོང་ཁྱེར་མུམ་སྦའེ་ནང་ཞི་བའི་ཡུལ་མི་༡༦༦དམར་གསད་བཏང་མཁན་གྱི་འཇིགས་སྐུལ་བ་པ་ཀིསྟན་གྱི་མི་རིགས་མོ་ཧ་མརྡ་ཨཇ་མལ་ཀ་སབ་ལ་རྒྱ་གར་ཁྲིམས་ཁང་ཞིག་གིས་སྲོག་ཐོག་གི་ཉེས་ཆད་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དེར་ དེ་རིང་རྒྱ་གར་གྱི་ཁྲིམས་ཁང་ཆེན་མོས་ཆོག་མཆན་གནང་འདུག།
དེ་སྔ་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་འཐབ་མཁན་མི་༡༠ས་གང་བྱུང་མེ་མདའ་བརྒྱབ་ནས་མི་མང་པོའི་ཚེ་སྲོག་འཁྲོག་པའི་དོན་རྐྱེན་ནང་ནས་གསོན་པོར་གནས་པའི་པ་ཀིསྟན་གྱི་མི་རིགས་ཨཇ་མལ་ཀ་སབ་ལ་སྔ་ལོ་ཕྱི་ཟླ་༥པའི་ནང་རྒྱ་གར་གྱི་ཁྲིམས་ཁང་ཞིག་གིས་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་ནའང༌། རྒྱ་གར་གྱི་དབུས་ཁྲིམས་ཁང་ཆེན་མོ་ནས་མཐའ་མའི་བཀའ་ཁྲོལ་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པ་རེད།
དེ་རིང་རྒྱ་གར་གྱི་ཁྲིམས་ཁང་ཆེན་མོའི་ཁྲིམས་རྩོད་པ་ཨུཇ་ལྦལ་ནི་ཀམ་ཡིས་བརྙན་འཕྲིན་ཐོག། དམའ་རིམ་ཁྲིམས་ཁང་གིས་ཨཇ་མལ་ཀ་སབ་ལ་རྐེ་ཐག་རྒྱབ་ནས་སྲོག་ཐོག་གཏོང་རྒྱུའི་ཉེས་ཆད་བཏང་ཡོད་པ་དེར་ ཁྲིམས་ཁང་ཆེན་མོས་བཀའ་ཁྲོལ་གནང་ཡོད་སྐོར་འགྲེལ་བརྗོད་གནང་བཞག།