ཁྲིན་འདུ་གྲོང་ཁྱེར་ལ་རྒྱ་གར་གྱི་གཞུང་ཚབ་ཁང་འཛུཊ་འཆར་ཡོད་པ།
2015.05.21
ཁྲིན་འདུ་གྲོང་ཁྱེར་ལ་རྒྱ་གར་གྱི་གཞུང་ཚབ་ཁང་འཛུགས་འཆར་ཡོད་ཀྱང་བོད་རང་སྐྱོང་ལྗོངས་ཟེར་བ་ལོགས་སུ་བཞག་འདུག
དེ་ཡང་ཉེ་ཆར་རྒྱ་གར་གྱི་སྲིད་བློན་Narendra Modiམཆོག་རྒྱ་ནག་ཏུ་ཕེབས་སྐབས། རྒྱ་ནག་གི་དབུ་ཁྲིད་དང་ལྷན་དུ་གྲོས་མོལ་བྱུང་བ་བཞིན་ཟི་ཁྲོན་ཞིང་ཆེན་གྱི་ཁྲིན་འདུ་གྲོང་ཁྱེར་ནང་རྒྱ་གར་གྱི་གཞུང་ཚབ་ལས་ཁང་ཞིག་གསར་འཛུགས་གནང་འཆར་ཡོད་པ་དང་། ཁྲིན་འདུ་ནི་བོད་རང་སྐྱོང་ལྗོངས་དང་ས་འབྲེལ་ཡིན་ཡང་གཞུང་ཚབ་ལས་ཁང་གསར་པ་དེའི་ཁྱབ་ཁོངས་སུ་བོད་རང་སྐྱོང་ལྗོངས་ཚུད་ཀྱི་མེད་པ་རེད་འདུག རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁང་གསར་པ་དེའི་ཁྱབ་ཁོངས་སུ་ཟི་ཁྲོན་དང་། ཡུན་ནན། ཀན་སུའུ་ཞིང་ཆེན་སོགས་ཚུད་ཀྱི་ཡོད་འདུག
ཐོག་མར་བྱས་ན་རྒྱ་གར་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཞུང་ཚབ་ཡན་ལག་ལས་ཁང་གསར་འཛུགས་བྱ་རྒྱུའི་འདེམས་ག་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ལྷ་སར་རྒྱ་གར་གྱི་གཞུང་ཚབ་གསར་འཛུགས་བྱ་རྒྱུར་ཐུགས་འདོད་མ་གནང་བའི་རྐྱེན་གྱིས་ཁྲིན་འདུར་གཞུང་ཚབ་ལས་ཁང་གསར་འཛུགས་གནང་རྒྱུར་ཐུགས་ཐག་བཅད་པ་ཞིག་ཡིན་འདུག དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་རྒྱ་གར་གྱི་གྲོང་ཁྱེར་Chennaiནང་གཞུང་ཚབ་ཡན་ལག་ལས་ཁང་ཞིག་གསར་འཛུགས་གནང་རྒྱུ་ཡིན་པ་དང་། དོན་གཅོད་ལས་ཁང་དེའི་ཁྱབ་ཁོངས་སུ་Tamil Naduདང་། Andhra Pradeshམངའ་སྡེ་གཉིས་ཚུད་ཀྱི་ཡོད་འདུག དེ་ནི་རྒྱ་གར་ལྷོ་ཕྱོགས་སུ་རྒྱ་ནག་གི་གཞུང་ཚབ་གསར་འཛུགས་གནང་བ་ཐོག་མ་དེ་ཡིན་པ་རེད།
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གར་གྱི་གཞུང་ཚབ་ལས་ཁང་གསར་འཛུགས་གནང་རྒྱུར་མོས་མཐུན་མ་གནང་བའི་རྒྱུ་མཚན་ནི། བོད་ཀྱི་གནད་དོན་ནི་ཧ་ཅང་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པའི་ཆ་ནས་ཡིན་པ་དང་། ད་བར་བལ་ཡུལ་མ་གཏོགས་རྒྱལ་ཁབ་གཞན་སུ་ཞིག་གི་ཀྱང་གཞུང་ཚབ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མེད་པ་རེད། མ་ཟད་ཕྱི་རྒྱལ་བ་ཚོ་བོད་རང་སྐྱོང་ལྗོངས་ཞེས་བའི་ནང་བསྐྱོད་པར་རྒྱ་ནག་གཞུང་ནས་དམིགས་བསལ་ཆོག་མཆན་ཞུ་དགོས་པའི་གནས་ཚུལ་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།