པ་ཀི་སི་ཐན་གྱིས་དྲག་སྤྱོད་པར་དྲག་གནོན་དགོས་གལ་སྐོར།
2009.06.09
༄༅༎རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ནས་གལ་ཏེ་པ་ཀི་སི་ཐན་གྱིས་ཁ་ཆེ་དྲག་སྤྱོད་པའི་ཐོག་དྲག་གནོན་སྟངས་འཛིན་གནང་ཚེ་རྒྱ་གར་གྱི་ངོས་ནས་པ་ཀི་སི་ཐན་དང་ཞི་བདེ་འབྱུང་རྒྱུར་ཐུགས་འདོད་ཡོད་པ་གསུངས་འདུག
སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་པ་ཀི་སི་ཐན་ནས་ཡོང་བའི་འཇིགས་སྐུལ་དྲག་སྤྱོད་པ་ཁག་ཅིག་གིས་དྲག་ལས་སྤེལ་སྟེ་མི་གྲངས་༡༦༦རྐྱེན་འདས་སུ་བཏང་པའི་དོན་རྐྱེན་ཚབས་ཆེ་དེ་བྱུང་རྗེས་རྒྱ་གར་གཞུང་གི་ངོས་ནས་པ་ཀི་སི་ཐན་ལ་ཞི་བདེ་འབྱུང་ཐབས་ཆེད་མངོན་གསལ་དོད་པོས་ཕྱག་རྐྱང་པ་ད་རེས་ཐོགས་མ་དེ་ཡིན་པ་རེད།
གཟའ་མིག་དམར་ཉིན་རྒྱ་གར་གྱི་གྲོས་ཚོགས་ནང་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་པ་ཀི་སི་ཐན་དང་ཞི་བདེ་བསྐྲུན་རྒྱུ་དེ་ནི་ང་ཚོའི་ཁེ་ཕན་གཙོ་བོའི་གྲས་ཤིག་ཡིན་པ་རེད། འོན་ཀྱང་ཟློག་པ་རྒྱག་རྒྱུར་ལག་པ་གཉིས་དགོས་ཀྱི་རེད་ཅེས་དང་གལ་ཏེ་པ་ཀི་སི་ཐན་གྱི་དབུ་འཁྲིད་ཚོར་དྲག་སྤྱོད་པར་ཁ་གཏད་གནང་རྒྱུར་སྙིང་སྟོབས་དང་ཆོད་སེམས་ཆབ་སྲིད་ཀྱི་མཁས་རྩལ་བཅས་ཡོད་ཚེ་ང་ཚོའི་ངོས་ནས་ལམ་བུ་ཕྱེད་ཀ་ལས་ལྷག་པར་བསྐྱོད་རྒྱུ་ངས་ཁོང་ཚོར་ཁས་ལེན་བྱ་རྒྱུ་ཡིན་ཞེས་གསུངས་འདུག
དེ་བཞིན་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་ང་ཚོའི་ངོས་ནས་རྒྱ་གར་གྱི་ཐོག་དམིགས་པའི་འཇིགས་བསྐུལ་དྲག་ལས་སྔོན་འགོག་འབྱུང་ཐབས་སུ་པ་ཀི་སི་ཐན་གཞུང་གིས་ནུས་ཤུགས་ལྡན་ལ་ཕན་ནུས་ལྡན་པ་དེ་བཞིན་རྒྱུན་གནས་ཐུབ་པའི་ལས་དོན་སྤེལ་རྒྱུར་རེ་བ་བྱེད་ཀྱི་ཡོད་ལ་དེ་བཞིན་རྒྱ་གར་ཐོག་འཇིགས་སྐུལ་གྱི་དྲག་ལས་སྤེལ་མཁན་སྤྱི་དང་ལྷག་པར་དུ་མུམ་སྦའེ་ནང་དྲག་ལས་སྤེལ་མཁན་དང་འབྲེལ་བ་ཡོད་པ་ཚོར་ཁྲིམས་གཅོད་ཡོང་རྒྱུར་གཞུང་གི་ངོས་ནས་ཐབས་ལམ་ཡོངས་སུ་རྫོགས་པ་བེད་སྤྱོད་གནང་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག
གཟའ་འཁོར་སྔོན་མར་པ་ཀི་སི་ཐན་གྱི་གྲོང་ཁྱེར་ལ་ཧོར་ས་གནས་ཀྱི་ཁྲིམས་ཁང་ཞིག་གིས་མུམ་སྦའེ་ནང་དྲག་ལས་སྤེལ་མཁན་ལཤི་ཨི་ཏོཡེ་སྦ་ཞེས་པ་འཇིགས་སྐུལ་དྲག་སྤྱོད་ཀྱི་ཚོགས་པ་འཛུགས་མཁན་གྱི་ཁ་ཆེའི་ཆོས་དཔོན་ཞིག་བཙོན་ཁང་ནས་གློད་གྲོལ་བཏང་རྒྱུའི་ཐག་གཅོད་བྱས་པར་རྒྱ་གར་གཞུང་གིས་ངོ་རྒོལ་ཆེན་པོ་གནང་ཡོད་པ་རེད།