རྡོ་གླིང་ཁུལ་དུ་མངའ་སྡེ་ལོགས་སུ་འབྱེད་དགོས་པའི་དགོས་འདུན།
2009.12.21
༄༅༎རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ཁུལ་དུ་གནས་སྡོད་གོར་ཁ་མི་རིགས་ཚོས་མངའ་སྡེ་ལོགས་སུ་དགོས་པའི་དགོས་འདུན་བཏོན་ཏེ་ཟས་བཅད་ངོ་རྒོལ་ལས་འགུལ་བྱེད་བཞིན་པར་བརྟེན། རྒྱ་གར་དབུས་གཞུང་གིས་ས་གནས་འགོ་ཁྲིད་ཚོར་གྲོས་མོལ་གནང་ཆེད་བཀའ་འགུག་གནང་འདུག
རྡོ་རྗེ་གླིང་ཁུལ་དུ་གནས་སྡོད་བལ་པོའི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་གོར་ཁ་མི་རིགས་ཀྱི་སྲིད་དོན་ཚོགས་པ་གོར་ཁ་ཇཱན་ཀུཀ་ཏི་མོར་ཆ་ཞེས་པས་རྡོ་རྗེ་གླིང་ས་ཁུལ་ནུབ་ སྦེང་གོལ་ནས་ལོགས་སུ་བཏོན་སྟེ་མངའ་སྡེ་ཟུར་པ་ཞིག་བཟོ་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད། ལྷག་པར་དུ་ཉེ་ལམ་ཨན་རྡར་པཱར་རྡེཤ་མངའ་སྡེ་ནས་ཊེ་ལེན་ག་ན་ལོགས་སུ་མངའ་སྡེ་བཟོ་དགོས་པའི་ལས་འགུལ་ལ་དབུས་གཞུང་གིས་མོས་མཐུན་གྱི་རྣམ་པ་བསྟན་པ་དེས་རྡོ་རྗེ་གླིང་ཁུལ་གྱི་བལ་པོའི་མི་རིགས་ལ་བློ་སྤོབས་འཕེལ་ཡོད་བཟོ་འདུག
ད་ལམ་རྒྱ་གར་གཞུང་གིས་གྲོས་མོལ་ཆེད་རྡོ་རྗེ་གླིང་ཁུལ་ནས་ས་གནས་འཐུས་མི་བཀའ་འགུག་གནང་བར་བརྟེན་ཡུལ་པ་དང་བླངས་ཐོག་ཟས་བཅད་ངོ་རྒོལ་ནང་བཞུགས་མཁན་ཚོས་ཟས་བཅད་ལས་འགུལ་རེ་ཞིག་མཚམས་འཇོག་བྱས་ཡོད་པ་རེད། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་པི་ཆི་རྡམ་སྦ་རམ་གྱིས་ཟས་བཅད་ངོ་རྒོལ་མཚམས་འཇོག་དགོས་པའི་སྐུལ་མ་གནང་བ་ལྟར་ང་ཚོས་མཚམས་འཇོག་བྱས་པ་ཡིན་ཞེས་ པ་གོར་ཁ་ཇཱན་ཀུཀ་ཏི་མོར་ཆ་ཞེས་པའི་སྤྱི་ཁྱབ་དྲུང་ཆེ་གི་རི་ཡིས་གསར་འགོད་པར་གསལ་བཤད་གནང་འདུག
རྡོ་རྗེ་གླིང་ས་ཁུལ་ནུབ་སྦེང་གོལ་ནས་ལོགས་སུ་བཏོན་སྟེ་མངའ་སྡེ་ཟུར་པ་ཞིག་བཟོ་ཕྱོགས་ཁོ་ནའི་སྐོར་གྲོས་མོལ་བྱ་རྒྱུ་ལས་དེ་མིན་གྱི་གནད་དོན་གང་ཡང་མེད་ཅེས་དང་ཊེ་ལེང་ག་ན་ཞེས་པའི་ས་ཁུལ་གྱི་མངོན་འདོད་ལྟར་ང་ཚོའི་མངོན་འདོད་ཀྱང་རྒྱུན་རིང་ནས་ལྷག་པ་ཞིག་ཡིན་ཞེས་གོར་ཁའི་འགོ་ཁྲིད་གི་རི་ཡིས་མུ་མཐུད་གསུངས་གནང་འདུག ཕྱོགས་ཚང་མས་འདོད་འདུན་ཞུ་ཆོག་ཀྱང་གྲོས་གཞི་འགེལ་ཐབས་བྱེད་མི་རུང་ཞེས་རྒྱ་གར་གྱི་ནོར་སྲིད་བློན་ཆེན་པཱར་ནབ་མུ་ཁར་ཇི་ཡིས་གསུངས་གནང་འདུག དེ་བཞིན་ནུབ་སྦེང་གོལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྦུ་རྡ་རྡེལྦ་བ་ཊ་ཆར་ཡ་ཡིས་གོར་ཁ་མི་རིགས་ཚོར་རང་སྐྱོང་གི་གནས་བབ་མཐོ་རུ་གཏོང་ཆོག་ཀྱང་མངའ་སྡེ་ལོགས་སུ་བཟོ་རྒྱུའི་ཐོབ་ཐང་སྤྲོད་ཐབས་མེད་ཅེས་གསུངས་གནང་འདུག ཡང་གོར་ཁ་མི་རིགས་ཚོར་མངའ་སྡེ་ལོགས་སུ་བཟོས་ན་ཕན་ཐོགས་མེད་ལུགས་ཀྱང་གསུངས་གནང་འདུག བལ་པོའི་མི་རིགས་ཚོས་ཕྱི་ལོ་༡༩༨༠འི་ནང་རྡོ་རྗེ་གླིང་ས་ཁུལ་མངའ་སྡེ་ལོགས་སུ་ཡོང་ཐབས་ཀྱི་ལས་གཞི་བརྩམས་ནས་རང་སྐྱོང་གི་གནས་བབ་འཐོབ་ཡོད་ཀྱང་མི་མང་ལ་ཕན་འབྲས་བྱུང་མེད་པའི་ལེ་ཁག་ནུབ་སྦེང་གོལ་མངའ་སྡེའི་གཞུང་ལ་འཛུགས་བཞིན་པ་རེད༎