རྒྱ་གར་གྱི་གྲོས་ཚོཊ་ཚོཊ་སྐབས་འགོག་རྐྱེན་མི་ཡོང་བའི་རེ་བ།
2012.08.25
༄༅༎བདུན་ཕྲག་རྗེས་མའི་ནང་རྒྱ་གར་གྱི་གྲོས་ཚོགས་བསྐྱར་དུ་འཛོམས་པའི་སྐབས། ཕྱོགས་འགལ་ཚོགས་པ་ཁག་གིས་གྲོས་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་མི་བཟོ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་ཡུལ་དེའི་དཔལ་འབྱོར་བློན་ཆེན་ པི་ ཅི་དམ་བྰ་རམ་ གྱིས་གསུངས་འདུག
རྒྱ་གར་དབུས་གཞུང་གི་དཔལ་འབྱོར་བློན་ཆེན་ པི་ ཅི་དམ་བྰ་རམ་ གྱིས་འདི་ལྟ་བུའི་འབོད་སྐུལ་གནང་དགོས་པའི་རྒྱུ་མཚན་ནི། བདུན་ཕྲག་སྔོན་མའི་ནང་རྒྱ་གར་རྩིས་ཞིབ་ལྷན་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང༌། དེ་སྔ་ཕྱི་ལོ་ ༢༠༠༥ ནས་ ༢༠༠༩ བར་རྒྱ་གར་གཞུང་གིས་ཡུལ་དེའི་རྡོ་སོལ་གཏེར་ཁ་རྣམས། ཁེ་གཉེར་ལས་ཁང་ཚོའི་དབར་འགྲན་བསྡུར་བྱས་ཏེ། རིན་གོང་མཐོ་བ་སྤྲོད་མཁན་ཚོར་ཚོང་འགྲེམ་མ་བྱས་པར། གང་བྱུང་ཕམ་ཚོང་བརྒྱབ་ཡོད་པའི་རྐྱེན་གྱིས། རྒྱལ་ཁབ་ལ་ཨ་རིའི་ཌོ་ལར་ཐེར་འབུམ་སུམ་ཅུ་སོ་གཉིས་ཙམ་གྱི་གྱོང་གུན་རག་ཡོད་པའི་སྐོར་གསལ་སྟོན་བྱས་པའི་རྗེས། ཕྱོགས་འགལ་ སྦི་ཇེ་པི་ ཚོགས་པས། རྡོ་སོལ་གཏེར་ཁ་ཕམ་ཚོང་བརྒྱབ་པའི་འགན་འཁྲི་སྲིད་བློན་ མན་མོ་ཧན་སིངྒ་ ལ་ཡོད་སྟབས་ ཁོང་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་སྟོན་ཏེ། གྲོས་ཚོགས་ནང་ངོ་རྒོལ་སྐད་འབོད་དང༌རྙོག་ཟིང་བླངས་བའི་རྐྱེན་གྱིས། འདི་ཚེས་ ༢༡ ནས་བཟུང་ད་བར་གྲོས་ཚོགས་ཚུགས་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་པར་བརྟེན། འདི་ཚེས་ ༢༤ ཉིན་རྒྱ་གར་དཔལ་འབྱོར་བློན་ཆེན་ པི་ ཅི་དམ་བྰ་རམ་ གྱིས་ཡོངས་ཁྱབ་འབོད་སྐུལ་ཞིག་གནང་བའི་ནང༌། བདུན་ཕྲག་རྗེས་མ་གྲོས་ཚོགས་བསྐྱར་དུ་འཚོགས་སྐབས། གཞུང་ནས་གནད་དོན་འདིའི་སྐོར་བགྲོ་གླེང་བྱེད་རྒྱུའི་གྲ་སྒྲིག་ཡོད་པ་མ་ཟད། སྲིད་བློན་ མན་མོ་ཧན་ སིངྒ གིས་ཀྱང་བགྲོ་གླེང་ནང་མཉམ་ཞུགས་དང་། ཕྱོགས་འགལ་ཚོགས་པའི་དྲི་བར་ལན་འདེབས་གནང་རྒྱུར་ཕེབས་རྒྱུ་ཡིན་པར་བརྟེན། སྐབས་དེར་ཕྱོགས་འགལ་ཚོགས་པས་གྲོས་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་མི་བཟོ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
གནས་ཚུལ་ནང་མུ་མཐུད་གསལ་བར་བྱས་ན། དབུས་རྩིས་ཞིབ་ལྷན་ཁང་གི་སྙན་ཐོའི་ནང་། རྡོ་སོལ་གཏེར་ཁ་ཕམ་ཚོང་བརྒྱབ་པའི་གནད་དོན་འདིའི་ཐད། སྲིད་བློན་གྱི་ནོར་འཁྲུལ་གང་ཡང་མེད་སྐོར་གསལ་པོ་བཀོད་ཡོད་ཀྱང༌། ཕྱོགས་འགལ་ སྦི་ཇེ་པི ཚོགས་པས་ རྡོ་སོལ་གཏེར་ཁ་ཕམ་ཚོང་བརྒྱབ་པའི་གནས་ཚུལ་དེ་བྱུང་བའི་སྐབས། རྡོ་སོལ་ལས་དོན་ལྷན་ཁང་དེ་སྲིད་བློན་གྱི་འོག་ཏུ་ཡོད་སྟབས་ཁོང་ལས་གནས་ནས་དགོངས་པ་ཞུ་དགོས་སྐོར་ཤོད་ཀྱི་ཡོད་པ་རེད།།