སྦི་ཇེ་པི་ལ་རྒྱལ་ཁ་ཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ།
2014.04.05

༅༎རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུའི་ཆབ་སྲིད་ཚོགས་པའི་དྲིལ་བསྒྲགས་ཀྱི་ལས་འགུལ་གཟའ་སྤེན་པ་ནས་མཇུག་བསྒྲིལ་ཞིང་། རིམ་པ་དགུ་ཡོད་འོས་བསྡུའི་ལས་རིམ་དེ་ཕྱི་ཟླ་ ༤ ཚེས་ ༧ ནས་ ཕྱི་ཟླ་ ༥ ཚེས་ ༡༢ བར་སྤེལ་རྒྱུ་ཡིན་པ་དང་། སྲིད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིར་ད་ལྟའི་རྒྱ་གར་གྱི་ཁ་གཏད་སྲིད་དོན་ཚོགས་པ་ སྦི་ཇེ་པི ་ལ་རྒྱལ་ཁ་ཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
རྒྱ་གར་གྱི་མང་གཙོ་ནི་གྲོས་ཚོགས་ལམ་ལུགས་ཤིག་ཡིན་ལ་དབུས་ཀྱི་གྲོས་ཚོགས་ནང་ས་མིག་སུར་མང་བར་ཐོབ་ཀྱང་དེ་གཞུང་འཛིན་ཚོགས་པ་ཆགས་རྒྱུ་དང་གལ་ཏེ་མང་མོས་ཕལ་པ་ཙམ་ལས་མ་ཐོབ་ཚེ་སྲིད་དོན་ཤོག་ཁག་ཆུང་ཁག་དང་ནང་འགྲིག་བྱེད་དེ་མནའ་འབྲེལ་གྱི་གཞུང་འཛུགས་དགོས་རྒྱུ་ཡིན་པ་རེད།
གཟའ་ཟླ་བའི་འོས་བསྡུ་ཐོག་མ་དེ་རྒྱ་གར་གྱི་མཐའ་མཚམས་བྱང་ཤར་ས་ཁུལ་དུ་གཉེར་རྒྱུ་དང་། དེ་ནས་རིམ་པས་གཟའ་འཁོར་དྲུག་གི་རྗེས་རྒྱ་གར་གྱི་མངའ་སྡེ་ཆེ་ཤོས་ ཨུཏ་ཏར་ པ་ར་དེཤ་ཡི་ནང་གཉེར་རྒྱུ་ཡིན་པ་རེད།
རྒྱ་གར་ནང་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་གྲུབ་དོན་ཁག་ལ་ཆ་འཇོགས་དེ་ཙམ་བྱེད་མཁན་མེད་ཀྱང་། གསར་འགྱུར་ལས་ཁང་ཁག་གིས་བསམ་ཚུལ་བསྡུ་ལེན་གྱི་ལས་འགུལ་མུ་འཐུད་སྤེལ་བ་གཞིར་བཟུང་ལྟར་ན། ཕྱོགས་འགལ་སྲིད་དོན་ཚོགས་པའི་སྲིད་བློན་འོས་མི་སྐུ་ཞབས་ ན་རིན་དྲ་ མོ་རྡི ་ཐེངས་རྗེས་མའི་རྒྱ་གར་གྱི་སྲིད་བློན་དུ་འོས་འདེམས་ཡོང་རྒྱུར་མང་མོས་ཡོད་པ་བཏོན་ཡོད་འདུག།
རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་ ཨེན་ཌི་ཊི་བིས་བསམ་ཚུལ་བསྡུ་ལེན་བྱས་པར་གཞིགས་ན། དགུང་ལོ་ ༦༣ ལ་ཕེབས་པ་ན་རེན་རྡརཱ མོ་རྡིས་དབུ་འཁྲིད་པའི་སྦི་ཇེ་པི་སྲིད་དོན་ཚོགས་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་ ༢༥༩ དང་། དགུང་ལོ་ ༤༣ ཡིན་པ་རྒྱ་གར་གྱི་སྲིད་བློན་འདས་པོ་ར་ཇིབ་གྷན་དྷིའི་སྲས་ར་ཧུལ་གྷན་དྷིས་སྣེ་འཁྲིད་པའི་ཀོང་རེསི་ཚོགས་པར་གྲོས་ཚོགས་ཀྱི་ས་མིག་ ༡༢༣ ལས་ཐོབ་རྒྱུ་མིན་པ་བསྟན་ཡོད་པ་རེད།།
སྐུ་ཞབས་ན་རེན་རྡརཱ་མོ་དྷི་ནི་ཧིན་དུ་ཕྱོགས་ཞེན་པ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། རྒྱ་གར་གྱི་མི་འབོར་ཐེར་འབུམ་གཅིག་དང་ས་ཡ་ཉི་བརྒྱ་ཙམ་ཡོད་པ་ནས། བརྒྱ་ཆ་བཅུ་གསུམ་ཙམ་ཁ་ཆེ་ཡིན་སྟབས། ཁོང་ལ་ཁ་ཆེའི་འོས་དེ་ཙམ་ཐོབ་རྒྱུ་མིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་ལྡན་བློ་གྲོས།