རྒྱ་གར་དུ་ཕག་པའི་ཆམ་ནད་ཁྱབ་གདལ་སྔོན་འགོག
2009.04.27
༄༅༎རྒྱ་གར་གཞུང་གིས་ཡུལ་གྱི་ཆབ་འབངས་རྣམས་མེཀ་སི་ཀོ་ཡུལ་ནས་ཁྱབ་གདལ་འགྲོ་བའི་ཕག་པའི་ཆམ་ནད་དེ་ཡུལ་ནང་འགོས་ཁྱབ་མ་འབྱུང་ཆེད་མེཀ་སི་ཀོ་ཡུལ་དང་ཨ་མི་རི་ཀ་སོགས་ཀྱི་ཡུལ་ཁག་ཅིག་ལ་བསྐྱོད་རྒྱུར་དམ་བསྒྲགས་བྱེད་དགོས་སྐོར་བཀའ་བཏང་ཡོད་པ་རེད།
དེ་ཡང་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལྷན་ཁང་གི་ཆེས་མཐོའི་ཚོགས་འདུ་ཞིག་གི་ཐོག་འཛམ་གླིང་ནང་ཕག་པའི་ཆམ་ནད་ཀྱི་རྐྱེན་གྱིས་ཡུལ་མི་རྣམས་མེཀ་སི་ཀོ་ཡུལ་དང་ཨ་རི།ཁེ་ན་ཌ།ནིའུ་ཛི་ལེནདྲ་དང་ཕེརན་སི་བཅས་པའི་ཡུལ་ཁག་ལ་བསྐྱོད་རྒྱུ་མཚམས་འཇོག་བྱེད་དགོས་སྐོར་བཀའ་བཏང་ཡོད་པ་རེད། རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལྷན་ཁང་གིས་འགོས་ནད་དེ་ཨེ་ཤེ་ཡའི་གླིང་ཆེན་ནང་ཁྱབ་གདལ་མི་འགྲོ་རྒྱུའི་ཆེད་འབྲེལ་ཡོད་ནད་ཡམས་ཁྱབ་གདལ་བཀག་འགོག་ཚན་པ་ཁག་གིས་ད་ལྟ་ནས་འཆར་གཞི་བཀོད་དགོས་སྐོར་བཀའ་བཏང་ཡོད་པ་རེད། དེ་བཞིན་གོང་ཞུས་ཚོགས་འདུ་དེའི་ཐོག་ནད་ཡམས་དེ་འགོག་ཐབས་ཆེད་ཡུལ་གྱི་རྒྱལ་ས་ལྡི་ལི་དང་གྲོང་ཁྱེར་མུམ་སྦའེ།ཀལ་ཀ་ཏ།ཆེ་ནའེ།སྦེང་ལོར།གོ་ལྦ་བཅས་ཀྱི་གནམ་ཐང་ཁག་ལ་འགྲུལ་མི་རྣམས་ལ་བརྟག་དཔྱད་བྱེད་ཆེད་སྨན་པ་གཉིས་རེ་ཆེད་གཉེར་གཏོང་རྒྱུའི་ཐག་གཅོད་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་གཞུང་ཕྱོགས་ནས་ཕག་པའི་ཆམ་ནད་དེ་བཅོས་ཐབས་ཆེད་ཊེ་མི་ཕུལུ་ཞེས་པའི་སྨན་དེ་ས་ཡ་གཅིག་དལྟ་ནས་འདུ་གསོག་གནང་ཡོད་པ་རེད། ཕག་པའི་ནད་ཡམས་དེས་མེཀ་སི་ཀོ་ཡུལ་མི་བརྒྱ་ལྷག་གི་ཚེ་སྲོག་ཤོར་བ་དང་ཆིག་སྟོང་དྲུག་བརྒྱ་སྐོར་ཞིག་ལ་ནད་ཡམས་དེ་ཕོག་ཡོད་པ་དང་གཞན་ཡང་ཨ་རི་དང་ཁེ་ན་ཌ།ནིའུ་ཛི་ལེནདྲ།ཧོང་ཀོང༌།སིཔེན།ཕེརན་སི་བཅས་པའི་ཡུལ་ཁག་ནང་ནད་ཡམས་དེ་ཁྱབ་ཡོད་པའི་གནས་ཚུལ་ཐོན་འདུག