རྒྱ་གར་གྱིས་བར་སྣང་མི་བཟོས་སྲུང་སྐར་བཏང་དོན་སྐོར།
2009.04.20
༄༅༎རྒྱ་གར་གྱིས་ཡུལ་གྱི་བདེ་འཇགས་སྲུང་སྐྱོབས་ལས་དོན་ཚགས་ཚུད་དུ་གཏོང་ཆེད་བར་སྣང་ལ་མི་བཟོས་སྲུང་སྐར་ཞིག་བཏང་ཐུབ་པ་བྱུང་ཡོད་པ་རེད།
དེ་ཡང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལ་གཞིགས་ན་རྒྱ་གར་གྱིས་རེས་གཟའ་ཟླ་བ་ཉིན་ཨིསི་རེལ་ཡུལ་གྱིས་བཟོས་པའི་མི་བཟོས་སྲུང་སྐར་ཞིག་བར་སྣང་ལ་བཏང་ཐུབ་པ་བྱུང་སྐོར་གནས་ཚུལ་བཏོན་ཡོད་པ་རེད།
ཡུལ་གྱི་སྲུང་སྐྱོབས་ཆེད་མི་བཟོས་སྲུང་སྐར་བཏང་བའི་གནས་ཚུལ་དེས་རྒྱ་གར་དང་ཨི་སི་རེལ་བར་དྲག་པོའི་ཐོག་གི་འབྲེལ་ལམ་དེ་ཇེ་ཆེར་འགྲོ་བཞིན་ཡོད་པའི་མངོན་རྟགས་ཤིག་ཆགས་ཀྱི་ཡོད་པ་རེད།
དལྟའི་ཆར་ཨི་སི་རེལ་གྱི་ཡུལ་དེ་རྒྱ་གར་ལ་དྲག་པོའི་ཐོག་གོ་མཚོན་ཚོང་འགྲེམས་ཐོག་ར་ཤི་ཡའི་རྗེས་ཡུལ་གཉིས་པ་དེ་ཆགས་ཡོད་པ་རེད། རྒྱ་གར་གྱི་མི་བཟོས་སྲུང་སྐར་དེས་རྒྱ་གར་གྱི་རྒྱལ་སྤྱིའི་ས་མཚམས་ཁག་ལ་རྟོགས་ཞིབ་དང་དགྲ་བོའི་དྲག་པོའི་དཔུང་དམག་འགྲེམས་ཕྱོགས་དང་ས་མཚམས་ནང་འཇིགས་བསྐུལ་དྲག་སྤྱོད་པ་སིམ་འཛུལ་བྱེད་ཀྱི་ཡོད་མིན་རྟོགས་ཞིབ་བྱེད་ཐུབ་རྒྱུ་ཡིན་སྐོར་རྒྱ་གར་གྱི་བདེ་སྲུང་ལྷན་ཁང་གི་དཔོན་རིགས་རྣམས་ཀྱིས་གསུང་ཡོད་པ་རེད། རྒྱ་གར་གྱི་མཁའ་དབྱིངས་ཉམས་ཞིབ་ལས་ཁང་གི་མགྲིན་ཚབ་པས་རྒྱ་གར་གྱི་མི་བཟོས་སྲུང་སྐར་དེས་བར་སྣང་ནས་ལོ་འཁོར་མར་དཔར་རྒྱུན་མ་ཆད་གཏོང་ཐུབ་རྒྱུ་ཡིན་སྐོར་གསུང་འདུག རྒྱ་གར་གྱིས་བར་སྣང་འཕྲུལ་རིག་ཐོག་གི་ནུས་སྟོབས་དེ་སྔ་ལོ་ནས་གཞི་རྒྱ་ཆེ་རུ་བཏང་ཡོད་པ་དང་སྔ་ལོ་ཡུལ་དེས་བར་སྣང་ལ་མི་བཟོས་སྲུང་སྐར་གྲངས་བཅུ་བཏང་ཐུབ་པ་བྱུང་ཡོད་པ་མ་ཟད་ཟླ་བའི་ནང་མི་མེད་པའི་འཕྲུལ་འཁོར་ཞིག་བཏང་ཐུབ་པ་བྱུང་བ་དེས་ཨེ་ཤེ་ཡའི་གླིང་ཆེན་ནང་རྒྱ་ནག་གི་བར་སྣང་གི་འཕྲུལ་རིག་ཐོག་འགྲན་རྩོད་བྱེད་མཁན་གྱི་ཡུལ་ཞིག་ཏུ་འགྱུར་ཡོད་པའི་གནས་ཚུལ་ཐོན་འདུག