རྒྱ་གར་གྱིས་ཉི་ཧོང་ལ་རོགས་སྐྱོབ།
2011.03.15
༄༅༎སྲིད་བློན་དྲོག་དྲར་མན་མོ་ཧན་སིང་མཆོག་གིས་ཁ་ས་རྒྱ་གར་གྱི་གྲོས་ཚོགས་ནང་། ད་བར་ཉི་ཧོང་ནང་ས་ཡོམ་གྱི་གོད་ཆགས་ཕོག་པ་ཚོའི་ཆེད་མལ་གོས་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཙམ་མཚོ་ཐོག་ནས་བཏང་ཟིན་པ་དང་། ད་དུང་མྱུར་སྐྱོབ་ལས་དོན་དང་། གཞན་ཡང་ཟ་འབྲུའི་རིགས་མཐུན་འགྱུར་གང་དགོས་ཀྱང་གཏོང་རྒྱུ་ཡིན། དེ་དང་ཕྱོགས་མཚུངས་མ་འོངས་པར་འཛུགས་སྐྲུན་གསར་རྒྱག་དང་། གཞན་ཡང་སྡོད་ཁྱིམ་མེད་པ་རྣམས་གཞིས་སྤོས་བྱེད་རྒྱུ་སོགས་མཚོ་ཐོག་ནས་དངོས་ཟོག་ལྗིད་ཚད་ཆེན་པོ་འཁྱེར་ཐུབ་ཀྱི་ཡོད་པའི་ཆ་ནས་མ་འོངས་པར་ཡང་ང་ཚོའི་ངོས་ནས་མཐུན་འགྱུར་གང་ཐུབ་བྱེད་རྒྱུ་ཡིན་ཞེས་རྒྱ་གར་གཞུང་གི་ངོས་ནས་ཉི་ཧོང་མི་མང་ཚོར་གདུང་སེམས་མཉམ་སྐྱེད་དང་འབྲེལ་དགོས་ངེས་ཀྱི་མཐུན་འགྱུར་བྱེད་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད། ཡང་སྲིད་བློན་མཆོག་གིས་ཉི་ཧོང་ནང་རྒྱ་གར་བ་ཉིས་ཁྲི་ལྔ་སྟོང་ཙམ་ཡོད་པའི་ཁོངས་ནས་ད་ལྟའི་ཆར་ཉི་ཧོང་ནང་གནས་སྡོད་རྒྱ་གར་བ་སུ་གཅིག་ལའང་གནོད་སྐྱོན་ཕོག་མེད་ལུགས་ཀྱང་གསལ་བཤད་གནང་ཡོད་པ་རེད།