རྒྱ་གར་ནང་གི་བོད་མི་ཚོའི་འགྲོ་བསྐྱོད་གུ་ཡངས་སུ་གཏོང་རྒྱུ་ཡིན་འདུག
2018.02.05

རྒྱ་གར་གཞུང་གིས་རྒྱལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོ་ཕྱི་རྒྱལ་ལ་བསྐྱོད་རྒྱུའི་སྒོ་མོ་ཇེ་ཡངས་སུ་གཏོང་རྒྱུ་ཡིན་འདུག
དེ་ཡང་རྒྱ་གར་ནང་གི་བོད་མི་ཚོས་རྒྱ་གར་གྱི་མི་སེར་ལག་ཁྱེར་ཞུ་རྒྱུ་ཉུང་དུ་གཏོང་རྒྱུའི་ཆེད་སྔ་ལོ་ལྡི་ལིའི་མཐོ་རིམ་ཁྲིམས་ཁང་ནས་བོད་མི་ཚོའི་འགྲོ་འོང་གི་སྒྲིག་གཞི་ལས་སླ་རུ་བཏང་ནས། བོད་མི་ཕྱི་རྒྱལ་ལ་སློབ་གཉེར་ཆེད་འགྲོ་ཆོག་པའི་ཆ་རྐྱེན་བསྐྲུན་པ་དང་ཆབས་ཅིག་ཕྱིར་སྡོད་བོད་མི་ཚོའི་འགྲོ་འོང་སྒྲིག་གཞི་ཡང་གུ་ཡངས་སུ་བཏང་ཡོད་འདུག ད་ལྟའི་སྐབས་སུ་རྒྱ་གར་རྒྱལ་ཡོངས་སུ་བོད་མིའི་གཞིས་ཆགས་བཞི་བཅུ་ཞེ་ལྔ་དང་དེ་མིན་ས་ཁུལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཀ་ཙམ་ཡོད་ལུགས་རྒྱ་གར་གྱི་ནང་སྲིད་ལས་ཁུངས་ནས་འགྲེལ་བརྗོད་གནང་འདུག
སྔ་ལོ་བོད་མི་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་རྒྱ་གར་གྱི་མི་སེར་ཐོབ་ཐང་ཁྲིམས་ཐོག་ཞུ་གཏུག་བྱས་རྗེས་ལྡི་ལིའི་མཐོ་རིམ་ཁྲིམས་ཁང་གིས་ཕྱི་ལོ་༢༠༡༧ལོར། ཕྱི་ལོ་༡༩༥༠ནས་ཕྱི་ལོ་༡༩༨༧བར་རྒྱ་གར་ནང་སྐྱེས་པའི་བོད་མི་ཚོར་རྒྱ་གར་གྱི་མི་སེར་ཞུ་རྒྱུའི་ཐོབ་ཐང་སྤྲད་རྗེས་ཧི་མ་ཅལ་མངའ་སྡེའི་ནང་བོད་མི་རྒྱ་གར་གྱི་མེ་སེར་ཞུ་མཁན་ཇེ་མང་དུ་ཕྱིན་པ་རེད།
དེ་ལོ་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ནས་ཀྱང་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་གྱི་མི་སེར་ཞུ་མཁན་བོད་མི་ཚོ་རྒྱ་གར་ནང་གཏན་སྡོད་ཆོག་ལ་སྐྱབས་བཅོལ་ལག་ཁྱེར་ཕྱིར་འབུལ་དགོས་པ་དང་། གཞིས་ཆགས་ནས་ཐོན་དགོས་པ། བོད་མིའི་སྒྲིག་འཛུགས་ཀྱིས་གནང་བའི་ཁེ་ཕན་ཇི་ཡོད་ཕྱིར་ཤོར་རྒྱུ་ཡིན་ལུགས་གསལ་བསྒྲགས་གནང་ཡོད་རེད། བོད་མི་ཚོར་རྒྱ་གར་མི་སེར་གྱི་ལག་ཁྱེར་སྤྲད་པ་དེས་བོད་མི་ཚོར་འགྲོ་འོང་གི་རང་དབང་སོཊ་ཀྱི་ཁེ་ཕན་ཡོད་ཀྱང་རྒྱ་ཆེ་ས་ནས་བོད་མིའི་རྩ་དོན་ཐད་དེའི་ཤུགས་རྐྱེན་ཇི་ཡོང་ལ་བློ་འཚབ་ཡོད་ལུགས་མཐོ་རིམ་དཔོན་རིགས་ཤིག་གིས་གསུངས་ཡོད་པ་ལུང་འདྲེན་བྱས་འདུག
ད་ལྟའི་སྐབས་སུ་བོད་མི་ཕྱི་རྒྱལ་ལ་འགྲོ་མཁན་ཚོར་ཨེ་སི་(IC)ངོ་སྤྲོད་ལག་ཁྱེར་སེར་པོ་ཞུ་དགོས་པ་དང་རྒྱ་གར་ནང་གཏན་སྡོད་ཆེད་ཨར་སེ་(RC)ཞེས་པའི་ལག་དེབ་ཞུ་དགོས་ཀྱི་ཡོད་པ་རེད།
གསར་འགོད་པ་ཀརྨ་རྒྱ་མཚོ།