ལི་བི་ཡའི་གཞུང་ལ་གནམ་གྲུ་འཕུར་བསྐྱོད་བཀག་སྡོམ་ཉེས་ཆད།
2011.03.04
༄༅༎རྒྱ་གར་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་བི་ཡ་གཞུང་ལ་གནམ་གྲུ་འཕུར་བསྐྱོད་བཀག་བསྡོམས་ཀྱི་ཉེས་ཆད་གཏོང་རྒྱུའི་འབད་བརྩོན་གནང་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།
དེ་ཡང་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་གྲོས་ཆོད་ཅིག་བཞག་ཏེ་ག་རྡ་ཕིའི་གཞུང་གིས་གནམ་ཐོག་ནས་ཞི་བའི་མི་སེར་ཐོག་དྲག་གནོན་བྱེད་པའི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་བི་ཡ་གཞུང་གི་གནམ་གྲུ་འཕུར་བསྐྱོད་ལས་དོན་ཡོངས་རྫོགས་བཀག་བསྡོམས་བྱ་དགོས་པའི་རེ་སྐུལ་གནང་བར་བརྟེན་ནས་དེ་རིང་རྒྱ་གར་ཕྱི་སྲིད་དྲུང་ཆེ་ལྕམ་ནི་རུ་པ་མ་རའོ་ཡིས་རྒྱ་གར་ཧིན་རྡུ་གསར་ཤོག་ལས་ཁང་ལ། ད་ལྟའི་འཆར་རྒྱ་གར་ཕྱོགས་ནས། ལི་བི་ཡ་གཞུང་ལ་བཙན་དབང་གི་སྒོ་ནས་གནམ་གྲུ་འཕུར་བསྐྱོད་ཀྱི་ལས་དོན་མཐའ་དག་བཀག་བསྡོམས་བྱ་རྒྱུར་ངོ་རྒོལ་ཡོད་ཅེས་དང༌། ད་དུང་རྒྱ་གར་གྱི་ལྷན་དུ་སྦེ་རེ་ཛིལ་དང་ར་ཤི་ཡ། རྒྱ་ནག་སོགས་ཀྱིས་གནད་དོན་དེའི་ཐད་གླེང་སློང་གནང་བཞིན་ཡོད། རྒྱ་གར་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་གཏན་འཇགས་ཚོགས་མི་ཞིག་མིན་ནའང་གཏན་འཇགས་ཚོགས་མི་ཡོང་རྒྱུར་དབྱིན་ཇི་དང༌། ཕེ་རན་སི། ར་ཤི་ཡ། ཨ་མི་རི་ཀ། རྒྱ་ནག་བཅས་ཀྱི་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་རྒྱུའི་ཐུགས་རེ་གནང་གི་ཡོད་པ་གསུང་ཡོད་པ་རེད། ཕྱི་ཟླ་གཉིས་པའི་ཚེས་༡༧ཉིན་ལི་བི་ཡ་མི་ལོ་༤༢ དབང་བསྒྱུར་བྱེད་མཁན་མོའོ་མར་ག་རྡ་ཕི་ལ་མི་དམངས་ཀྱིས་ངོ་རྒོལ་འོས་ལངས་ཀྱི་ལས་འགུལ་འགོ་བཙུགས་པ་ནས་བཟུང་ལི་བི་ཡ་གཞུང་གིས་མི་དམངས་ཐོག་ལ་དྲག་ཤུགས་བེད་སྤྱོད་བཏང་བར་བརྟེན། མི་དམངས་འབུམ་གཅིག་ལྷག་གི་ཉེན་གཡོལ་དུ་བྲོས་བྲོལ་དུ་འགྲོ་གི་ཡོད་པའི་གནས་ཚུལ་ཡོད་པ་རེད།