རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་ཨ་རིར་ཕེབས་འབྱོར་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་དང་མཇལ་འཕྲད་གནང་རྒྱུ་རེད་འདུག
ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ཨ་རིའི་རྒྱལ་ཁབ་ཏུ་མགྲོན་འབོད་གནང་ཡོད་པ་ལྟར། འདི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༥་༣༠ ཙམ་ལ་སྲིད་བློན་མོ་དྷི་མཆོག་ཨ་རིའི་རྒྱལ་ས་ (Washington DC) ནང་ཕེབས་འབྱོར་བྱུང་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ནས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་ (X) བརྒྱུད། ཐེངས་འདིའི་འཚམས་གཟིགས་ཁྲོད། ཨ་རིའི་སྲིད་འཛིན་སྐུ་ཞབས་ཊམཔ་དང་མཇལ་འཕྲད་ཀྱིས། རྒྱལ་ཁབ་ཕན་ཚུན་མཉམ་ལས་ཀྱི་ཐོག་ནས་ཕྱི་འབྲེལ་གྱི་ཐབས་བྱུས་འཛུགས་སྐྲུན་མཚོན་པའི་མི་མང་གི་ཁེ་ཕན་སོགས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་སྐོར་འཁོད་འདུག
རྒྱ་གར་གྱི་སྲིད་བློན་མོ་དྷི་ནས་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་གནང་འཆར་དང་འབྲེལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ཨ་རི་དང་རྒྱ་གར་དབར་གྱི་ཚོང་འབྲེལ་ནི། ཨ་རི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་དང་བསྡུར་ན་དེ་ཙམ་ཚད་མཐོ་པོ་མེད་ཀྱང་། རྒྱ་གར་དང་ཨ་རིའི་དབར་མི་ཕན་ཚུན་དང་རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་ལམ་ནི་དམིགས་བསལ་བ་ཞིག་ཆགས་བསྡད་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་གི་ལྷོ་ཨེ་ཤེ་ཡའི་ཁུལ་དུ་ས་ཁོངས་རྒྱ་སྐྱེད་ཀྱི་སྲིད་བྱུས་དང་འབྲེལ། རྒྱ་གར་རྒྱ་མཚོ་ཁུལ་དུ་བསུན་གཙེར་ཡང་ཡང་བྱེད་བཞིན་པ་དེའི་ཐད་རྒྱ་གར་ལ་སེམས་འཚབ་ཡོང་བཞིན་ཡོད་པ་བཞིན། ཨ་རིའི་གཞུང་ནས་ཀྱང་རྒྱ་ནག་གི་ས་ཁོངས་རྒྱ་སྐྱེད་ཀྱི་སྲིད་བྱུས་ལ་དོགས་གཟོན་བྱེད་བཞིན་ཡོད་པ་སོགས། ཐེངས་འདིའི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་ཐུག་འཕྲད་སྐབས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་། མཉམ་ལས། བདེ་འཇགས་སོགས་ཀྱི་ཐད་བཀའ་མོལ་གནང་རྒྱུ་ཡིན་པ་དེས། མ་འོངས་རྒྱལ་ཁབ་གཉིས་མཉམ་ལས་ཐོག་རྒྱ་ནག་གི་ས་ཁོངས་རྒྱ་སྐྱེད་ཀྱི་སྲིད་བྱུས་ལ་ཁ་གཏད་གཅོག་པར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་ཞེས་དང་། ཨ་རིའི་གཞུང་ནས་རྒྱ་གར་གྱི་ཆེས་མཐོའི་འགོ་ཁྲིད་ཅིག་ཨ་རིའི་རྒྱལ་ཁབ་ཏུ་མགྲོན་འབོད་བྱས་ཡོད་པ་ནི་དེ་སྔ་བྱུང་མ་མྱོང་བ་ཞིག་ཡིན་པར་བརྟེན། རྒྱལ་ཁབ་ཚང་མས་དོ་སྣང་ཤུགས་ཆེ་བྱེད་བཞིན་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་མོ་དི་མཆོག་ཨ་རིའི་རྒྱལ་ཁབ་གསང་བའི་ལས་ཁུངས་ (National Intelligence) ཀྱི་འགན་འཛིན་ (Tulsi Gabbard) དང་ཐུག་འཕྲད་སྦྲགས། སྲིད་བློན་མོ་དི་མཆོག་ནས་ལྕམ་སྐུ་ཊུལ་སི་གྷ་བྷར་ཌི་ལ་ལས་གནས་དེའི་ཐོག་བསྐོ་གཞག་བྱུང་བར་འཚམས་འདྲི་ཞུས་པ་དང་མཉམ། རྒྱལ་ཁབ་ཕྱོགས་གཉིས་ཀྱི་མཐུན་སྒྲིལ་དང་མཉམ་ལས་སོགས་ཀྱི་སྐོར་བཀའ་མོལ་གནང་ཡོད་སྐོར་དང་། སྲིད་བློན་མོ་དྷི་མཆོག་ཨ་རིར་ཕེབས་འབྱོར་སྐབས། ཨ་རིར་གནས་སྡོད་རྒྱ་གར་བ་རྣམས་ནས་ཁོང་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་ཁོང་ནས་སྤྱི་ཚོགས་དྲ་ལམ་ (X) ཐོག་བཀོད་འདུག
གསར་འགོད་པ། བསྟན་འཛིན་ནོར་འཛོམས། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།