སྲིད་འཛིན་ཊམཔ་དང་སྲིད་བློན་མོ་དྷི་རྣམ་གཉིས་ཀྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་བདེ་འཇགས་ཐོག་ལ་མདུན་སྐྱོད་རང་བཞིན་གྱི་མཉམ་ལས་གནང་རྒྱུར་མོས་མཐུན་གནང་པ།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༣ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) མཆོག་དང་རྒྱ་གར་གྱི་སྲིད་བློན་ནཱརེན་དྲ་མོ་དྷི་ (Narendra Modi) མཆོག་རྣམ་གཉིས་དབར་ཨ་རིའི་རྒྱལ་སར་མཇལ་འཕྲད་གནང་པའི་སྐབས། དབུ་ཁྲིད་རྣམ་གཉིས་ཀྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཞི་བདེ་བརྟན་ལྷིང་ཡོང་ཐབས་གནང་རྒྱུའི་ཐད་གོམ་པ་མདུན་སྤོས་གནང་རྒྱུ་ཡིན་པ་གསུངས་ཤིང་། སྲིད་བློན་མོ་དྷི་ (Modi) མཆོག་གིས་འཛམ་གླིང་འདིར་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་ཆེད་ཨ་རི་དང་རྒྱ་གར་གཉིས་ཀར་འགན་འཁྲི་ཆེན་པོ་ཡོད་པ་དང་། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་བརྟན་ལྷིང་ཡོང་བར་འགན་ལེན་གྱི་ཆེད། (QUAD) ཞེས་འབོད་པའི་མཐུན་ཚོགས་རྒྱལ་ཁབ་བཞི་སྟེ་ཨ་རི་དང་། ཉི་ཧོང་། རྒྱ་གར། དེ་བཞིན་ཨའོསི་ཊརེ་ལི་ཡ་བཅས་ཀྱི་གལ་ཆེའི་མཉམ་སྦྲེལ་གྱི་ཐོག་ནས། ཨ་མི་རི་ཀ་དང་རྒྱ་གར་གྱིས་མཉམ་ལས་བྱེད་རྒྱུ་ནི་ཧ་ལས་པའི་གལ་ཆེན་ཆགས་ཡོད་སྐོར་སྐོར་སྲིད་འཛིན་ཊམཔ་དང་ལྷན་དུ་མཉམ་སྦྲེལ་གྱི་གསར་འགོད་ལྷན་ཚོགས་ཐོག་ནན་བརྗོད་གནང་སོང་།

རེས་གཟའ་ཕུར་བུའི་ཕྱི་དྲོར་ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་ནང་གསར་འགོད་ལྷན་ཚོགས་ཐོག་རྒྱ་གར་སྲིད་བློན་མོ་དྷི་མཆོག་གིས་རྒྱ་གར་དང་ཨ་མི་རི་ཀའི་བར་མང་གཙོའི་རིན་ཐང་མཉམ་སྤྱོད་བྱས་པ་དེས། འཛམ་གླིང་འདི་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བའི་ཐད་མཉམ་ལས་གནང་ཐུབ་རྒྱུ་ཡོད་པ་གསུངས་སོང་།
སྲིད་འཛིན་ཊམཔ་མཆོག་གིས་རྒྱ་ནག་ལ་གདོང་ལེན་གནང་ཕྱོགས་ཐད་གསར་འགོད་པའི་དྲི་བ་ཞིག་ལ་བཀའ་ལན་གནང་སྐབས། ཨ་རིས་རྒྱལ་ཁབ་སུ་ཞིག་དང་འགྲན་བསྡུར་བྱེད་དགོས་བྱུང་ནའང་གནས་སྟངས་ཧ་ཅང་ཡག་པོ་ཡོད་ཅེས་གསུངས་པ་དང་། ཨ་རིས་རྒྱལ་ཁབ་སུ་ཞིག་ལའང་ཕམ་པར་བྱེད་རྒྱུའི་དམིགས་ཡུལ་བཅང་གི་མེད་ལ། ལས་དོན་དངོས་ཡག་པོ་ཞིག་བྱེད་རྒྱུར་བལྟ་བཞིན་ཡོད། རྒྱ་ནག་དང་མཉམ་དུ་འབྲེལ་བ་ཡག་པོ་ཞིག་ཡོང་བའི་རེ་བ་ཡོད་སྐོར་གསུངས་ཡོད།
རྩ་བའི་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གིས་ཐེངས་འདིའི་འཚམས་གཟིགས་ཐད། རྒྱ་གར་དང་ཨ་མི་རི་ཀས་རྒྱལ་སྤྱིའི་ཕྱོགས་བསྡུས་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་བརྟན་པོ་འཛུགས་རྒྱུ་དང་། སྡེ་ཚན་ཚང་མའི་ནང་ཕན་ཚུན་རོགས་ཕན་དང་ཡིད་ཆེས་བྱེད་ཐུབ་པའི་འབྲེལ་ལམ་གྱི་འཆར་གཞི་ཆེན་པོ་ཞིག་གཏན་འབེབས་ཡོང་རྒྱུའི་གོ་སྐབས་བསྐྲུན་གྱི་ཡོད་ལུགས་བརྗོད་ཡོད་པ་རེད།
དེ་བཞིན་ཐེངས་འདིའི་གསར་འགོད་ལྷན་ཚོགས་དངོས་གཞི་དེར་འགོ་ཁྲིད་གཉིས་ཕོ་བྲང་དཀར་པོའི་ཨོ་ཝལ་ཡིག་ཚང་དུ་ཚོགས་འདུ་འཚོགས་སྐབས། ཨ་མི་རི་ཀའི་སྲིད་འཛིན་ཊམཔ་ཡིས་ཨ་རི་དང་རྒྱ་གར་གྱི་ཚོང་དོན་འབྲེལ་བ་དང་། དེས་རྒྱ་ནག་ལ་ཁ་གཏད་གཅོག་པར་ཤུགས་རྐྱེན་ཐེབས་པའི་སྐོར་གྱི་སེམས་ཁྲལ་ཐད་ལན་འདེབས་གནང་སྐབས། སྲིད་འཛིན་ཊམཔ་ནས་ཨ་མི་རི་ཀས་འཛམ་གླིང་གི་རྒྱལ་ཁབ་ཚང་མར་ཁ་གཏད་གཅོག་རྒྱུའི་གནས་བབ་ཧ་ཅང་ཡག་པོ་ཡོད་ལུགས་གསུང་གནང་གི་འདུག
རྒྱ་ནག་གཞུང་ཕྱོགས་ནས་ཡ་ལན།
ཨ་རི་དང་རྒྱ་གར་གྱི་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་འདིའི་སྐབས། ས་ཁམས་ཆབ་སྲིད་ཀྱི་དམག་དོན་ཐབས་བྱུས་དང་། ཕྱོགས་གཉིས་ཀྱི་དབར་ཚོང་དོན་འབྲེལ་ལམ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཡོངས་ཀྱི་འབྲེལ་ལམ་བཅས་ཀྱི་ཐད་གྲོས་བསྡུར་གནང་ཡོད་ཅིང་། གྲོས་མོལ་ཚོགས་འདུ་འདིའི་ཐོག་ནས་ཨ་རིས་འདི་ལོ་ནས་བཟུང་རྒྱ་གར་ལ་གནམ་དམག་གི་གནམ་གྲུ་ F-35 fighter jets ཚོང་བསྒྱུར་བྱེད་རྒྱུ་ཡིན་པ་སྲིད་འཛིན་ཊམཔ་གྱིས་བརྗོད་པ་དང་། ཨ་རིས་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་མང་པོའི་མ་གནས་ཀྱི་གོ་མཚོན་ཚོང་སྒྱུར་བྱེད་རྒྱུའི་བཀའ་མོལ་བྱུང་ཡོད་པ་ལྟར། འདིའི་ཐད་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་གའོ་ཇིཡ་ཀུན་ (Guo Jiakun) གྱིས་ཕྱི་ཚེས་ ༡༤ ཉིན་གསར་འགོད་པའི་དྲི་བར་ལན་འདེབས་བྱས་སྐབས། སུ་ཞིག་གིས་ཀྱང་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་བ་དང་མཉམ་ལས་བྱེད་འཆར་གྱི་ནང་རྒྱ་ནག་རྒྱལ་ཁབ་འདི་དམིགས་འབེན་གྱི་གནད་དོན་བཟོ་མི་རུང་ལ། སྡེ་ཁག་གི་ཆབ་སྲིད་དང་འགལ་ཟླའི་སྐུལ་སློང་སྐུལ་བྱེད་མི་རུང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ནི་ཞི་བདེ་དང་འཕེལ་རྒྱས་ཀྱི་མིག་དཔེ་ལྟ་བུ་ཡིན་པ་ལས། ས་ཁམས་ཆབ་སྲིད་ཀྱི་རྩེད་མོ་རྩེ་སའི་རྩེད་ར་ཞིག་མིན་པས། སྡེ་ཁག་དཔུང་སྒྲིལ་གྱིས་ཚོགས་པ་བཟོས་ནས་དམིགས་བསལ་གྱི་རུ་ཁག་གསར་འཛུགས་བྱེད་པ་དང་། སྡེ་ཁག་མཉམ་སྦྲེལ་གྱི་ཆབ་སྲིད་དང་འགལ་ཟླའི་ནང་འཛུལ་ཞུགས་བྱེད་རྒྱུས་བདེ་འཇགས་སྐྲུན་ཐུབ་ཀྱི་མ་རེད་ཅེས་ལན་འདེབས་བྱས་འདུག
དཔོན་རིཊ་གཞན་ཁག་དང་མཇལ་འཕྲད།
ད་རེས་སྲིད་བློན་མོ་དྷི་མཆོག་སྲིད་འཛིན་ཊམཔ་དང་མ་མཇལ་གོང་། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཐོར་སི་ཀ་བྷར་ལགས་དང་། ཨ་མི་རི་ཀའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་མཱ་ཡེ་ཀལ་ཝོལ་སི་ལགས། ཨེ་ལོན་མ་སིཀ་སོགས་དང་ཡང་མཇལ་འཕྲད་གནང་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Centre for China Analysis and Strategy) ཞེས་རྒྱ་ནག་དཔྱད་ཞིབ་དང་ཐབས་ཇུས་ལྟེ་གནས་ཁང་གི་ཉམས་ཞིབ་པ་འབུམ་རམ་པ་ཨ་པ་ལྷ་མོ་ལགས་སུ། ཐེངས་འདིའི་རྒྱ་གར་དང་ཨ་རི་དབར་གྱི་མཇལ་འཕྲད་ཀྱི་གལ་གནད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ཨ་རིར་རྒྱལ་དོན་མཚམས་གཟིགས་ཕེབས་པ་དེ་ཨ་རི་དང་རྒྱ་གར་གཉིས་ཀར་གནད་དགག་ཅན་ཞིག་ཆགས་ཀྱི་ཡོད་ཅིང་། ལྷག་པར་དུ་སྲིད་འཛིན་ཊམཔ་ (Donald Trump) མཆོག་ནས་ཨ་རིའི་སྲིད་འཛིན་གྱི་ལས་འཁུར་བཞེས་རྗེས་ཀྱི་ཟླ་བ་གཅིག་ནང་ཚུན་དུ་རྒྱ་གར་གྱི་སྲིད་བློན་གདན་ཞུ་གནང་ཡོད་པ་དེས། རྒྱ་གར་རྒྱལ་ཁབ་དེ་བཞིན་ཨ་རིའི་ཚོང་དོན་དང་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པར་རྒྱལ་ཁབ་ཀྱི་ཕྱི་སྲིད་སྲིད་བྱུས་སོགས་གནད་དོན་མང་དག་ཅིག་གི་ཐད་གནད་དགག་ཅན་ཞིག་ཆགས་ཀྱི་ཡོད་པ་མཚོན་ཞེས་དང་། རྒྱ་གར་དང་ཨ་རི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་གཉིས་དབར་ཚོང་དང་ཆབ་སྲིད། ལྷག་པར་དམག་དོན་དང་དགོག་སྲུང་སོགས་ཀྱི་ཐད་འབྲེལ་ལམ་དམ་ཟབ་ཏུ་འགྲོ་བཞིན་པར། རྒྱ་ནག་ལ་རང་བཞིན་གྱིས་གནོན་ཤུགས་དང་དངངས་འཚབ་ཡོང་གི་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞི་རྩའི་སྲིད་བློན་མོ་དྷི་མཆོག་ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་རྒྱལ་ས་ཕ་སི་རིའི་ནང་འཚོགས་པའི་མིས་བཟོས་རིག་ནུས་ཚོགས་ཆེན་དུ་མཉམ་ཞུགས་ཀྱིས་ཚོགས་འདུའི་ཟུར་དུ། ཁོང་གིས་ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇེ་ཌི་ཝན་སི་དང་ཡང་མཇལ་འཕྲད་གནང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བློ་བྷེ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།