ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་ཀྱི་གནམ་གྲུ་གར་སོང་ཆ་མེད།
2011.05.01
༄༅༎རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་གྱི་ཐད་འཕུར་གནམ་གྲུ་གར་སོང་མེད་པར་གྱུར་བའི་རྗེས། རྒྱ་གར་གཞུང་གིས་རེས་གཟའ་ཉི་མའི་ཉིན་གནམ་ཐོག་དང་ས་ཐོག་གཉིས་ཀའི་ཐོག་བློན་ཆེན་རྡོ་རྗེ་མཁའ་འགྲོ་མུ་མཐུད་རྩད་འཚོལ་བྱེད་བཞིན་ཡོད་པ་རེད།
རེས་གཟའ་སྤེན་པའི་ཉིན་གནམ་གཤིས་ཧ་ཅང་གི་སྡུག་པོ་བསྟེན་པར་བརྟེན། བློན་ཆེན་རྡོ་རྗེ་མཁའ་འགྲོ་ཡི་ཐད་འཕུར་གནམ་གྲུ་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་ནས་མངའ་སྡེའི་རྒྱལ་ས་ཨི་ཏ་ན་གར་དུ་འཕུར་བསྐྱོད་བྱེད་རྒྱུར་མཁའ་ལམ་དུ་འཕུར་ཏེ་སྐར་མ་༢༠ ཕྱིན་པའི་རྗེས། གློ་བུར་དུ་གར་སོང་མེད་པ་གྱུར་བ་རེད། གནམ་གྲུའི་ནང་དུ་བློན་ཆེན་རྡོ་རྗེ་མཁའ་འགྲོ་དང་ད་དུང་གཞུང་འཛིན་ཀོང་རེ་སི་ཚོགས་པའི་འཐུས་མི་གཅིག་གནམ་གྲུའི་མཁའ་ལོ་བ་གཉིས། གཞན་འགྲུལ་པ་གཉིས་བཅས་ཁྱོན་མི་དྲུག་ཡོད་པ་རེད། རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་གནམ་དམག་ཐད་འཕུར་གནམ་གྲུ། གནམ་གྲུ་བརྡབ་སྐྱོན་བྱུང་ཡུལ་དུ་འཕུར་བསྐྱོད་བྱས་ཏེ་རྟོག་ཞིབ་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་གར་གྱི་དམག་མི་ཉིས་སྟོང་ལྔ་བརྒྱ་ཙམ་གྱིས་ས་ཐོག་ནས་རྩད་འཚོལ་བྱེད་བཞིན་ཡོད་པ་དང༌། ད་དུང་འབྲུག་ཡུལ་གྱི་ཉེན་རྟོག་དཔོན་རྣམ་རྒྱལ་ལགས་ཀྱིས་ཕེ་རན་སི་གསར་འགོད་པར། རྒྱ་གར་གཞུང་གི་རེ་འདུན་ལྟར་འབྲུག་པའི་དམག་མི་དང་གྲོང་གསེབ་མི་དམངས་ཚོ་ས་མཚམས་ཁུལ་དུ་འགྲེམས་འཇོགས་བྱས་ཏེ་རྩད་འཚོལ་བྱེད་བཞིན་ཡོད་པ་གསུང་ཡོད་པ་རེད།།