རྒྱ་གར་དུ་མངའ་སྡེ་གསར་བཟོའི་ལས་འགུལ་མཚམས་འཇོག་སྐོར།
2010.01.05
༄༅༎རྒྱ་གར་གཞུང་གིས་རྒྱ་གར་གྱི་མངའ་སྡེ་ཨན་རྡར་པར་རྡེཤ་ནང་གི་ཀྲེ་ལེན་ག་ན་ཟེར་བའི་ས་གནས་དེ་ནི་མངའ་སྡེ་གསར་པ་བཟོ་རྒྱུའི་འཆར་གཞིའི་ཐོག་ནས་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་དེ་མཚམས་འཇོག་ཡོང་ཐབས་འབད་བརྩོན་གནང་གི་ཡོད་པ་རེད།
དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་ནང་སྲིད་བློན་ཆེན་མཆོག་གིས་ས་གནས་ཀྱི་སྲིད་དོན་མི་སྣ་བརྒྱད་དང་མཇལ་འཕྲད་གནང་སྟེ་མི་དམངས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་མཚམས་འཇོག་ཡོང་ཐབསས་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་གནང་ཡོད་ཅིང། རྩོད་གཞིའི་དོན་རྐྱེན་དེ་ནི། ཀྲེ་ལན་ག་ན་ས་གནས་དེ་མངའ་སྡེ་ཟུར་དུ་གསར་པ་བཟོ་དགོས་པའི་འདུན་པ་བྱེད་པའི་ཐོག་ནས་རྒྱ་གར་དབུས་གཞུང་གི་ངལ་རྩོལ་བློན་ཆེན་ཟུར་པ་སྐུ་ཞབས་ཀེ་ཅན་རྡར་ཤེ་ཀར་རའོ་ཡིས་སྣེ་ཁྲིད་དེ་ཁ་སྔོན་ཕྱི་ཟླ་བཅིུག་ནང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་སོགས་དོན་རྐྱེན་ཛ་དྲག་ཏུ་ཕྱིན་ཏེ། འདས་པའི་གཟའ་འཁོར་འགའ་ཤས་རིང་ལ་མི་དམངས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཨན་རྡར་པར་རྡེཤ་ཁུལ་དུ་རྒྱ་ལམ་ཐོག་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བ་མ་ཟད། ཚོང་ལས་སྒོ་རྒྱབ་པ་སོགས་ཀྱིས་ས་ཁུལ་དེའི་ནང་དཀའ་ངལ་ཆེན་པོར་གྱུར་ཡོད་པ་རེད།
རྒྱ་གར་གཞུང་ཕྱོགས་ནས་ཀྲེ་ལན་ག་ན་ས་གནས་དེ་མངའ་སྡེ་གསར་པ་བཟོ་དགོས་པའི་འདོད་པ་འཛིན་མཁན་གྱི་མི་དམངས་ཁག་ཅིག་གི་རེ་འདུན་ལྟར་མངའ་སྡེ་གསར་པ་ཞིག་བཟོ་རྒྱུའི་འཆར་གཞི་བྱས་ཡོད་ཀྱང། དེར་ངོ་རྒོལ་བྱེད་མཁན་གྱིས་ཨན་རྡར་པར་རྡེཤ་མངའ་སྡེའི་སྲང་ལམ་དང། དེའི་རྒྱལ་ས་འཕྲུལ་རིག་ལག་རྩལ་གྱི་ལྟེ་གནས་ཧའེ་རྡེ་ར་སྦའརྡ་ནང་དུ་ངོ་རྒོལ་ལས་འགུལ་སྤེལ་བ་ཡིན་པ་དང། ཡིན་ནའང་མངའ་སྡེ་གསར་དུ་བཟོ་རྒྱུར་རྒྱབ་སྐྱོར་བྱེད་མཁན་མི་དམངས་ཚོས་ཨན་རྡར་པར་རྡེཤ་མངའ་སྡེ་དེའི་ནང་གི་ས་གནས་སྐྱོ་ཤོས་ཀྲེ་ལན་ག་ན་ཟུར་དུ་མངའ་སྡེ་གསར་པ་ཞིག་བཟོས་པ་ཡིན་ན། རྒྱལ་ཁབ་ཀྱི་མ་དངུལ་རོགས་རམ་མང་ཙམ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་རེད།