༸གོང་ས་མཆོག་གིས་ཨིན་ཌི་ཡ་ཀྲུ་ཌེ་ཚོགས་འདུར་གསུང་བཤད།
2009.03.08
༄༅༎བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་གྲས་ཨིན་ཌི་ཡ་ཀྲུ་ཌེ་ཞེས་པའི་གསར་ལས་ཁང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུས་པའི་ཨིན་ཌི་ཡ་ཀྲུ་ཌེ་ཁོན་ཁེ་ལེལྦ་ཞེས་པའི་ཚོགས་འདུ་དེར་དབུ་འབྱེད་གསུང་བཤད་གཙོ་བོ་གནང་འདུག
༸གོང་ས་མཆོག་གི་གསུང་བཤད་ཀྱི་བརྗོད་གཞི་ནི་འཛམ་གླིང་གི་འཕོ་འགྱུར་ལ་གདོང་ལེན་ཞེས་པ་ཡིན་པ་རེད། ལྷན་ཚོགས་དེ་ཕྱི་ཟླ་གསུམ་པའི་ཚེས་དྲུག་དང་བདུན་བཅས་ཉིན་གཉིས་རིང་ཚོགས་འདུག འཛམ་གླིང་གི་འཕོ་འགྱུར་གྱི་དཀའ་ངལ་དེའི་གཉེན་པོ་ནི་ནང་སེམས་ཀྱི་བྱམས་བརྩེ་དང་ཕན་ཚུན་གྲོས་བསྡུར་གྱི་ལམ་ནས་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་པ་སོགས་ཀྱི་བཀའ་སློབ་ཟབ་མོ་གནང་ཡོད་པ་དང་ཆབས་ཅིག་རྒྱ་གར་གྱིས་འཛམ་གླིང་ནང་ཞི་བདེ་དང་ཆོས་ལུགས་རིས་མེད་དབར་འཆམ་མཐུན་ཡོང་ཐབས་སླད་ལས་དོན་གནང་དགོས་པའི་སྐུལ་མ་གནང་འདུག་ཡང་དེང་འཛམ་གླིང་ནང་དཀའ་ངལ་འཕྲད་པའི་རྒྱུ་རྐྱེན་གཙོ་བོ་ནི་བསམ་བློ་མ་མཐུན་པ་དང་བསམ་བློའི་ནང་བྱམས་བརྩེའི་ཡོན་ཏན་མ་འདང་བའི་རྐྱེན་གྱིས་དཀའ་ངལ་འཕྲད་བཞིན་ཡོད་ཅེས་སོགས་བཀའ་སློབ་ལམ་སྟོན་གནང་འདུག ༸གོང་ས་མཆོག་གིས་གོང་ཞུས་བཀའ་སློབ་དེ་ཕྱི་ཚེས་དྲུག་ཉིན་སྔ་དྲོ་གནང་ཡོད་པ་དང་དེ་གའི་ཉིན་རྒྱབ་མཛད་འཆར་གྲུབ་མཚམས་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཐོན་གནང་ཡོད་པ་རེད༎