བོད་མིའི་བདེན་དོན་སེལ་ཐབས་སུ་ལས་འགུལ་རྒྱ་ཆེ་ཙམ་སྤེལ་རྒྱུ།
2012.06.11
༄༅༎རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ནས་བོད་མིའི་བདེན་དོན་སེལ་ཐབས་སུ་ལས་འགུལ་རྒྱ་ཆེ་ཙམ་སྤེལ་རྒྱུའི་གྲོས་ཆོད་བཞག་གནང་ཡོད་འདུག
ཟླ་བ་འདིའི་ཚེས་དགུ་ནས་བཅུ་གཅིག་བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་ཚོགས་གནང་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་མི་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཚོགས་བཅར་ཞུས་གནང་ཡོད་འདུག ཐེངས་འདིའི་ཚོགས་ཆེན་གྱི་དབུ་འབྱེད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནང་ཡོད་པ་མ་ཟད་དབུ་འབྱེད་མཛད་སྒོའི་ཐོག་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ནས་ཀྱང་གསུངས་བཤད་གནང་ཡོད་པ་རེད། ཡང་ཁ་ས་ཚོགས་ཆེན་གྱི་མཇུག་སྡོམས་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་གསུངས་བཤད་གནང་ཡོད་འདུག ལྷག་པར་དུ་ཚོགས་ཆེན་འདིའི་ཐོག་ནས་གྲོས་ཆོད་འཇོག་གནང་མཛད་པའི་གསར་འགོད་ལྷན་ཚོགས་ཤིག་ཐོག་སྤྱི་བསྒྲགས་སྤེལ་གནང་ཡོད་པ་རེད། གྲོས་ཆོད་དེའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་གཟེངས་རྟག་མཐོ་ཤོས་བྷ་རཏ་ རཏ་ན་ཞེས་པ་དེ་བཞིན་འབུལ་ལམ་ཞུ་དགོས་པའི་རྒྱ་གར་གཞུང་ལ་འབོད་སྐུལ་ཞུ་རྒྱུའི་ལས་རིམ་གོ་སྒྲིག་ཞུ་རྒྱུ་ཡིན་འདུག བྷ་རཏ་ རཏ་ན་འམ་རྒྱ་གར་གྱི་ནོར་བུའི་རིན་པོ་ཆེ་ཞེས་པའི་གཟེངས་རྟག་འདི་བཞིན་༧གོང་ས་མཆོག་གི་འགྲོ་བ་མིའི་རིགས་སྤྱི་ལ་སྨན་པའི་མཛད་རྗེས་བཟང་པོར་ངོས་འཛིན་ཞུ་དགོས་ལུགས་བཀོད་ཡོད་པ་རེད། གོང་ཞུས་གཟེངས་རྟག་དེ་བཞིན་ད་བར་རྒྱ་གར་བ་མ་ཡིན་པའི་ཕྱིའི་མི་རིགས་ཁོངས་སུ་ལྷོ་ཨཕ་རི་ཀའི་ནེལ་སན་ མན་དྲ་ལ་མཆོག་དང་། མ་དར་ཀྲེ་ར་ས་དམ་པ། ཁན་ཨབ་དུལ་ གྷ་ཕར་ཁན་བཅས་ལ་ཕུལ་མྱོང་ཡོད་འདུག ཡང་གོང་ཞུས་གྲོས་ཆོད་དེའི་གལ་གནད་ཆེ་བ་གཅིག་ནི་རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་ནས་བོད་ཀྱི་གནད་དོན་ཐོག་དོ་སྣང་ཆེ་ཙམ་གནང་དགོས་པ་དེ་ནི་རྒྱ་གར་རང་ཉིད་ཀྱི་ཁེ་ཕན་ཡིན་པའི་སྐོར་བཀོད་ཡོད་པ་རེད དེ་དང་ཕྱོགས་མཚུངས་ལོ་རྗེས་མའི་ཕྱི་ཟླ་གཉིས་པའི་ནང་། ལྡི་ལིའི་ནང་ལས་འགུལ་ཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་དང་། དེ་བཞིན་ལོ་འདིའི་ཕྱི་ཟླ་དགུ་པ་དང་བཅུ་པ་གཉིས་སུ་རྒྱ་གར་ལ་རྒྱ་ནག་ནས་དེ་སྔ་ཕྱི་ལོ་ ༡༩༦༢ ལོར་ཚུར་རྒོལ་བྱས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་སོགས་གང་ལྟར་བོད་པའི་གནད་དོན་རྒྱ་གར་མང་ཚོགས་ནང་གོ་རྟོག་ཤུགས་ཆེ་ཙམ་སྤེལ་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད།