རྒྱ་གར་གྱི་ཀ་ཤི་མིར་ཐོག་གི་ལངས་ཕྱོགས་དང་བོད་ཀྱི་འབྲེལ་བ།
2010.11.15
༄༅༎རྒྱ་གར་གྱིས་རྒྱ་ནག་ངོས་ནས་འཇའ་མུ་ཀ་ཤི་མིར་གྱི་གནད་དོན་ཐོག་རྒྱ་གར་ནས་བོད་དང་ཐའེ་ལྦན་ཐོག་འཛིན་པའི་ལངས་ཕྱོགས་ལྟར་དགོས་པའི་དགོངས་ཚུལ་བཏོན་ཡོད་འདུག
དེ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྣམ་གཉིས་རེས་གཟའ་ཉི་མའི་ཉིན་མཇལ་འཕྲད་ཀྱིས་གནད་དོན་མང་པོ་ཞིག་ཐོག་གྲོས་བསྡུར་གནང་ཡོད་པའི་ཁོངས་སུ་རྒྱ་ནག་ངོས་ནས་རྒྱ་གར་གྱི་བོད་དང་ཐའེ་ལྦན་ཐོག་འཛིན་བཞིན་པའི་ལངས་ཕྱོགས་ནང་བཞིན་འཇའ་མུ་ཀ་ཤི་མིར་གནད་དོན་ཐོག་ལའང་འཛིན་དགོས་ལུགས་གསལ་པོ་གསུངས་ཡོད་པའི་སྐོར་ཕྱི་སྲིད་དྲུང་ཆེ་ལྕམ་ནི་རུ་པ་མ་ རའོ་མཆོག་ནས་འགྲེལ་བརྗོད་གནང་ཡོད་འདུག འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཆེས། གནད་དོན་འདིའི་ཐོག་དམིགས་བསལ་ལན་འདེབས་མེད་པའི་ཁར་ཉེ་ཆར་ཡུལ་གཉིས་ཀྱི་དམག་སྤྱིའི་གཟིགས་བསྐོར་བརྗེ་ལེན་གྱི་གནད་དོན་ཐོག་འཕྲད་པའི་དཀའ་རྙོག་སྐོར་ཟུར་ཙམ་ཡང་གླེང་སློང་བྱས་མེད་པ་རེད། རྒྱ་གར་གྱི་ངོས་ནས་ཐུགས་འཚབ་གནང་ཡག་ནི། ཉེ་བའི་ཆར་ནས་བཟུང་རྒྱ་ནག་གཞུང་ཚབ་ནས་འཇའ་མུ་ཀ་ཤི་མིར་གྱི་མི་སེར་རྒྱ་ནག་ནང་བསྐྱོད་རྒྱུར་ཐོངས་མཆན་ལྦི་ས་ཞུས་པའི་སྐབས་ལག་འཁྱེར་སྟེང་ལུགས་མཐུན་མ་ཡིན་པར་ཤོག་རྫར་ཞིག་ཟུར་དུ་སྤྲད་ཀྱི་ཡོད་པ་དང་། ལྷག་པར་དུ་ཉེ་ཆར་རྒྱ་གར་གྱི་དམག་དཔོན་ཀ་ཤི་མིར་ནང་ཕྱག་ལས་གནང་མཁན་ཞིག་ལ་ལྦི་ས་མ་ཕུལ་སོགས་ལངས་ཕྱོགས་འཛིན་སྟངས་དེར་ཐུགས་འཚབ་གནང་བས་མ་ཟད་ཡུལ་གཉིས་དབར་ཁ་བརྡུང་བཏང་རེས་བྱས་ཡོད་པ་རེད། དེ་ལས་ལྡོག་ཏེ་བོད་ནས་ཡོང་མཁན་ཚོར་རྒྱ་གར་གཞུང་ནས་གཅིག་མཚུངས་ལག་འཁྱེར་སྟེང་ལྦི་ས་སྤྲོད་ཀྱི་ཡོད་པ་དེའི་ཐོག་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་ཆབ་སྲིད་མི་སྣ་ཚོས་གླེང་སློང་བྱས་ཡོད་པ་བཅས་གང་ལྟར་རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་གི་འདོད་པ་ལྟར་ལངས་ཕྱོགས་འཛིན་གྱི་ཡོད་ཀྱང་དེར་གཞིགས་པས་རྒྱ་ནག་ནས་རྒྱ་གར་གཞུང་གི་དགོངས་གཞི་དང་འགལ་བའི་ལངས་ཕྱོགས་འཛིན་གྱི་ཡོད་པ་རེད་ལ་ དེའི་ཐོག་དབུ་འཁྲིད་མཇལ་འཕྲད་སྐབས་གླེང་སློང་བྱེད་ཀྱང་དམིགས་བསལ་དོན་འབྲས་སོན་པ་ཞིག་ཁས་ལེན་བྱེད་ཀྱི་མེད་པ་རེད།