ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༩ པ་དེ “རྒྱ་གར་གྱི་བདེ་འཇགས་ཆེད་དུ་བོད་སྲུང་སྐྱོབ་བྱེད།”ཅེས་པའི་བརྗོད་གཞིའི་ཐོག་ཚོགས་གནང་འདུག

སྤྱི་ལོ་༢༠༢༢ ལོའི་སྤྱི་ཟླ་༡༠ཚེས་ ༣༡ ནས་སྤྱི་ཟླ་༡༡་ཚེས་༡ བར་ཉིན་གྲངས་གཉིས་རིང་རྒྱ་གར་བྷི་ཧར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་རྒྱལ་པོའི་ཁབ་ཏུ་(Rajgir)དུ་ཧིན་བོད་མཛའ་འབྲེལ་ཚོགས་པ་(India-Tibet Friendship Society) ཡི་ཚོགས་ཆེན་ཐེངས་༩ པ་དེ་བཞིན་རྒྱ་གར་གྱི་བདེ་འཇགས་ཆེད་དུ་བོད་སྲུང་སྐྱོབ་བྱེད་ཅེས་པའི་བརྗོད་གཞིའི་ཐོག་བསྐོང་ཚོགས་གནང་འདུག་ཅིང་། ཚོགས་པ་དེ་ཉིད་ཀྱི་སྤྱི་ཁྱབ་དྲུང་ཆེ་སློབ་དཔོན་Anand Kumar ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་གསལ་ལ། ཐེངས་འདིའི་ཚོགས་ཆེན་སྟེང་གཙོ་བོ་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་གཞིགས་ཏེ། འདས་པའི་ལོ་ངོ་༦༠ ལྷག་གི་བོད་དོན་འཐབ་རྕོད་ལ་བསྐྱར་ཞིབ་དང་ཚོགས་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ། རྒྱ་གར་གྱི་མི་རབས་གསར་པ་ཚོར་བོད་དོན་གོ་རྟོགས་སྤེལ་ཐབས། ལྷག་ཏུ་འཕགས་བོད་གཉིས་ཀྱི་མཐུན་མོང་མ་ཡིན་པའི་འབྲེལ་ལམ་ཇེ་བཟང་དུ་གཏོང་ཐབས་སོགས་ཀྱི་ཐད་གོ་བསྡུར་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སློབ་དཔོན་Anand Kumar ལགས་ནི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེའེ་རུ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་གནང་མྱོང་འདུག་པ་མ་ཟད། ཡུན་རིང་བོད་དང་བོད་མིར་ཐུགས་འཁུར་གནང་མཁན་བོད་ཀྱི་གྲོགས་པོ་ཞིག་ཡིན་འདུག་ཅིང་། སྤྱི་ལོ་༢༠༡༢ ལོར་རྒྱ་གར་གྱི་Aam Aadmi party ཆབ་སྲིད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྲས་ཡིན་འདུག
ཡང་སློབ་དཔོན་Anand Kumar ལགས་ཀྱིས་མུ་མཐུད་འགྲེལ་བརྗོད་གནང་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་སྟེང་རླབས་ཆེན་གྱི་དབུ་ཁྲིད་ཁོ་ན་དེ་ཡིན་པའི་ཁར། ཁོང་གིས་རྒྱུན་དུ་ཐུགས་བརྩེ་བ་ཆེན་པོས་རྒྱལ་སྤྱིའི་མང་ཚོགས་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་མང་གཙོའི་ལམ་ལུགས། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་བཅས་ལ་བསྔགས་བརྗོད་གནང་གི་ཡོད་པ་དེའི་གལ་གནད་དང་རིན་ཐང་ནི་རྒྱ་གར་གྱི་ཤེས་ཡོན་སྡེ་ཁག་དང་གནད་ཡོད་མི་སྣ་ཚོས་མཁྱེན་རྟོགས་དགོས་རྒྱུ་གལ་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།་
ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་དེའི་སྟེང་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནས་སྐུ་ཚབ་མི་གྲངས་༢༠༠སྐོར་ཞིག་ལྷན་བཞུགས་གནང་འདུག་པ་མ་ཟད། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཏེ་ཚོགས་པ་དེ་ཉིད་ཀྱི་གལ་གནད་སྐོར་གསུང་བཤད་གནང་འདུག
སྤྱི་ལོ་ ༡༩༥༩ སྤྱི་ཟླ་ ༥ པའི་ནང་རྒྱ་གར་རང་བཙན་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་Jai Prakash Narayan མཆོག་གིས་སྣེ་ཁྲིད་འོག་རྒྱ་གར་Kolkataགྲོང་ཁྱེར་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་པའི་རྗེས། སྤྱི་ལོ་༡༩༦༠ ཙམ་ནས་སྐུ་ཞབས་Jai Prakash Narayan མཆོག་དང་། སྐུ་ཞབས་Ram Manohar Lohia དེ་བཞིན་སྐུ་ཞབས་Acharya Kripalani བཅས་གསུམ་གྱིས་གཙོ་བོ་ཐུགས་འགན་བཞེས་པའི་ཐོག་ནས་བོད་ཀྱི་འཐབ་རྩོད་རྒྱུན་གནས་ཡོང་ཐབས་སླད་ཧིན་བོད་མཛའ་འབྲེལ་ཚོགས་པ་(India-Tibet Friendship Society)ཐོག་མར་གསར་འཛུགས་གནང་འདུག་ཅིང་། དེ་ནས་རིམ་བཞིན་ཚོགས་པ་དེ་རྒྱ་བསྐྱེད་དུ་སོང་སྟེ་ད་ལྟའི་ཆར་རྒྱ་གར་གྱི་མངའ་སྡེ་༡༠ ཡི་ནང་ཡན་ལག་ཚོགས་པ་༡༠༠ ལྷག་ཡོད་འདུག