རྒྱ་གར་དང་པ་ཀི་སི་ཐན་གྱི་ཞི་བའི་གྲོས་མོལ།
2011.03.04
༄༅༎རྒྱ་གར་གཞུང་གིས་པ་ཀི་སི་ཐན་གྱི་དཔོན་རིགས་དང་ལྷན་དུ་ཞི་བའི་གྲོས་མོལ་བསྐྱར་དུ་གནང་བའི་སྐབས་ ཀ་ཤི་མིར་གྱི་གནད་དོན་ཐོག་ལ་ཡང་གྲོས་མོལ་གནང་འཆར་ཡོད་པ་རྒྱ་གར་གྱི་སྲིད་བློན་ནས་དེ་རིང་གཟའ་པ་སངས་ཉིན་གསུང་འདུག རྒྱ་གར་དང་པ་ཀི་སི་ཐན་དབར་མོན་བལ་གྲོང་ཁྱེར་ནང་པ་ཀི་སི་ཐན་གྱི་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་གནད་དོན་དེའི་རྗེས་ འདས་པའི་ལོ་ངོ་གཉིས་ཙམ་རིང་ཡུལ་གཉིས་དབར་གྱི་ཞི་བའི་གྲོས་མོལ་དེ་མཚམས་འཇོག་བྱས་ཡོད་པ་དང་ ད་རེས་ཕྱི་ཟླ་གཉིས་པའི་ཚེས་༡༠ཉིན་ཡུལ་གྲུ་གཉིས་དབར་གྱི་ཞི་བའི་གྲོས་མོལ་ལས་དོན་སླར་གསོ་གནང་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་ཅིང་ དེ་རིང་གཟའ་པ་སངས་ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་ཇམ་མུ་ཀཤི་མིར་མངའ་ཁུལ་གྱི་གཙུག་ལག་སློབ་གྲ་ཞིག་ནང་གསུང་བཤད་གནང་བའི་སྐབས་ ཡུལ་གྲུ་གཉིས་དབར་གནས་པའི་དཀའ་རྙོག་ཚང་མ་ཞི་བའི་གྲོས་མོལ་གྱི་རྣམ་པའི་ཐོག་ནས་སེལ་ཐུབ་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད་ གྲོས་མོལ་བྱ་རྒྱུའི་ནང་ ཇ་མུར་ཀ་ཤི་མིན་གྱི་གནད་དོན་དེ་ཡང་ཚུད་ཀྱི་ཡོད་པ་རེད་ཅེས་གསུང་འདུག ཀ་ཤི་མིར་མངའ་ཁུལ་དེ་བཞིན་ རྒྱ་གར་དང་པ་ཀི་སི་ཐན་ཡུལ་གྲུ་གཉིས་ཀྱི་ས་མཚམས་སུ་ཡོད་པའི་ཁར་ མངའ་ཁུལ་དེའི་ཁོངས་གཏོགས་ས་ཁུལ་ཁག་ཅིག་གི་བདག་དབང་རྒྱ་གར་དང་ ཁག་ཅིག་པ་ཀི་སི་ཐན་གྱི་འཛིན་གྱི་ཡོད་ཅིང་ ཡིན་ནའི་ཡུལ་གྲུ་གཉིས་ཀས་ཀ་ཤི་མིར་གྱི་བདག་དབང་ཆ་ཚང་རང་ཉིད་ལ་ཡོད་ལུགས་བརྗོད་ཀྱི་ཡོད་པ་རེད་ རྒྱ་གར་དང་པ་ཀི་སི་ཐན་དབར་ཕྱི་ལོ་ཉིས་སྟོང་བཞི་ལོར་ཞི་བའི་གྲོས་མོལ་བྱ་རྒྱུ་འགོ་ཚུགས་ནས་ལོ་གཉིས་ཙམ་གྱི་གོང་རྒྱ་གར་གྱི་མོམ་བེལ་གྲོང་ཁྱེར་དུ་འབར་རྫས་ཀྱི་གཏོར་རྒོལ་མ་བྱུང་བར་ ཡུལ་གྲུ་གཉིས་དབར་དུས་ཚོད་ངེས་གཏན་དུ་ཞི་བའི་གྲོས་མོལ་གནང་གི་ཡོད་པ་དང་ དོན་རྐྱེན་དེ་བྱུང་བའི་རྗེས་ཞི་བའི་གྲོས་མོལ་ཡང་རེ་ཞིག་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད་