རྒྱ་གར་གྱིས་༧གོང་ས་མཆོག་ལ་སྔར་བས་ཆེ་མཐོང་གནང་བཞིན་པ།


2017.03.03
བོད་དང་རྒྱ་གར་གྱི་ས་འབྲེལ་རྟ་དབང་ཕྱོགས་ཀྱི་ས་ཁྲ། བོད་དང་རྒྱ་གར་གྱི་ས་འབྲེལ་རྟ་དབང་ཕྱོགས་ཀྱི་ས་ཁྲ།
Photo: RFA

༧གོང་ས་མཆོག་འཆར་ཟླའི་ནང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆོས་འབྲེལ་ཆེད་ཆིབས་བསྒྱུར་གནང་རྒྱུའི་གནས་ཚུལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མར་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆོས་འབྲེལ་ཆེད་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་སྟབས། ཆོས་ལུགས་རིས་མེད་ལ་གུས་བརྩི་ཞུ་མཁན་རྒྱ་གར་དམངས་གཙོའི་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་ས་ཕྱོགས་གང་དུ་ཕེབས་པར་བཀག་འགོག་མེད་ལུགས་རྒྱ་གར་གཞུང་གིས་གསལ་བཤད་གནང་འདུག
ད་དུང་རྒྱ་གར་དབུས་གཞུང་གི་སྐུ་ཚབ་ཀྱིས་ཨ་རུ་ན་ཅལ་ཁུལ་དུ་ཆིབས་བསྒྱུར་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་འཆར་འདུག
རྒྱ་གར་གྱི་སྲིད་བློན་མོ་དྷི་Narendra Modi་མཆོག་གིས་དབུ་ཁྲིད་པའི་སྲིད་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཡོང་གྲགས་མཇལ་མོལ་གནང་འགོ་བཙུགས་གནང་བ་དེ་ནི། དེའི་གོང་གི་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་ཁོང་ཁྲོ་མ་ལང་བའི་དོན་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཡོངས་གྲགས་མཇལ་གྱི་མེད་པའི་ཆབ་སྲིད་ཀྱི་ལང་ཕྱོགས་ལ་འགྱུར་བ་མངོན་གསལ་དོད་པོ་ཕྱིན་ཡོད།
རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་སྐུ་གཞོན་Kiren Rijiju་མཆོག་ལ་རུཡེ་ཊར་གསར་ལས་ཁང་གིས་བཅར་འདྲི་ཞུས་པར། རྒྱ་གར་གྱི་གདེང་ཚོད་ཆེ་རུ་ཕྱིན་ཏེ་རྣམ་འགྱུར་ལ་འགྱུར་བ་ཕྱིན་པ་མཐོང་ཆོས་སུ་ཡོད་པ་རེད་ཅེས་བཀའ་ལན་གནང་འདུག
བློན་ཆེན་སྐུ་གཞོན་Rijiju་མཆོག་ནི་བོད་དོན་ཐོག་འབྲེལ་གཏུག་གནང་མཁན་སྲིད་བློན་མོ་དྷི་མཆོག་གི་ཆེད་འཛུགས་མི་སྣ་ཡིན་པ་དང་། ཁོང་དབུས་གཞུང་གི་བློན་ཆེན་གཞོན་པ་དང་ཨ་རུ་ཎ་ཅལ་མངའ་སྡེའི་མི་སྣ་གལ་ཆེ་ཞིག་ཡིན།
ཟླ་བ་རྗེས་མའི་ནང་༧་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྟ་དབང་དགོན་པར་ཆིབས་བསྒྱུར་བསྐྱང་སྐབས་Kiren Rijiju་ཡིས་༧གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུ་ཡིན་པ་དང་། ཁོང་གིས་གསུངས་ན། ༧གོང་ས་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཡིན་པའི་ཆ་ནས་ས་གནས་དེར་ཆིབས་བསྒྱུར་གནང་འཆར་ལ་བཀག་འགོག་ཞུ་དགོས་དོན་མེད། ཏཱ་ལའི་བླ་མར་དད་གུས་ཞུས་མཁན་དད་ལྡན་མི་མང་ཚོས་༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུར་ངང་འགུག་ཞུ་བཞིན་ཡོད། ཁོང་ནི་བླ་མ་ཞིག་ཡིན་པས་གཞན་ལ་གནོད་པ་གནང་གི་མ་རེད་ཅེས་གསུངས་འདུག
༧གོང་ས་མཆོག་ཨ་རུ་ན་ཅལ་ཁུལ་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུའི་གནས་ཚུལ་ཐོན་མ་ཐག་དེ་རིང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་རྒྱ་གར་ལ་སྐྱོན་བརྗོད་བྱས་འདུག
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་(Geng Shuang)་གིས་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་གར་དབུས་གཞུང་ལ་༧ཏཱ་ལའི་བླ་མ་མཆོག་གིས་ཨ་རུ་ཎ་ཅལ་ཁུལ་ཆིབས་བསྒྱུར་ཐད་བློ་ཚབས་ཡོད་པ་ཐེངས་མང་གསལ་བཏོན་བྱས་ཡོད་ལུགས་དང་། ༧གོང་ས་མཆོག་གིས་རྒྱ་གར་ནང་ཁ་བྲལ་ལས་འགུལ་སྤེལ་བས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་ངེས་པའི་ཉེན་བརྡ་ཡང་བཏང་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎