རྒྱ་གར་གྱི་བྱང་ཤར་ས་མཚམས་སུ་དམག་མི་ཁ་སྣོན་གཏོང་འཆར།
2009.06.08
༄༅༎རྒྱ་གར་གྱི་བྱང་ཤར་ས་མཚམས་སུ་དྲག་པོའི་གོ་མཚོན་དང་དམག་མི་མང་དུ་གཏང་གནང་རྒྱུ་ཡིན་པ་རེད།
རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཇེ་ཇེ་སིང་ཡིས་རྒྱ་གར་གྱིས་མངའ་སྡེའི་ས་མཚམས་སུ་དྲག་པོའི་དཔུང་དམག་༢༥༠༠༠ནས་༣༠༠༠༠བར་མང་དུ་གཏོང་གནང་རྒྱུ་ཡིན་པ་རེད་ཅེས་དང་དམག་དཔུང་མང་དུ་གཏོང་གནང་རྒྱུ་དེ་ཡུལ་སྲུང་སྐྱོབ་ཀྱི་ལས་དོན་དེ་འཕར་སྣོན་དང་རྒྱ་སྐྱེད་གཏོང་རྒྱུའི་འཆར་གཞི་ཡིན་པ་རེད་ཅེས་གསུངས་འདུག དེ་བཞིན་རྒྱ་གར་ངོས་ནས་ས་མཚམས་ཀྱི་མེ་ཤུགས་ཀྱི་ནུས་པ་འཕར་སྣོན་གནང་རྒྱུ་དང་༡༥༥ཨེམ་ཨེམ་ཞེས་པའི་མེ་མདའ་དང་ཐད་འཕུར་གནམ་གྲུ་དེ་བཞིན་མི་མེད་པའི་སོ་ཉུལ་གྱི་གནམ་གྲུ་མང་དུ་གཏོང་གནང་རྒྱུ་མ་ཟད་གནམ་ཐང་ཞིག་ཀྱང་གསར་རྒྱག་གནང་རྒྱུ་ཡིན་སྐོར་རྒྱ་གར་གྱི་དཔོན་རིགས་རྣམས་ཀྱིས་གསུངས་འདུག
རྒྱ་གར་གྱི་དྲག་པོའི་དཔུང་དམག་གིས་སྔ་ལོ་རྒྱ་ནག་གི་དམག་མིས་ཨ་རུ་ན་ཅལ་པཱར་རྡེཤ་ས་མཚམས་ནང་ཁྲིམས་འགལ་ཐོག་འཛུལ་ཞུགས་བྱས་པར་བརྟེན་རྒྱ་གར་གཞུང་ཕྱོགས་ནས་མངའ་ཁུལ་དུ་དྲག་པོའི་དཔུང་དམག་མང་དུ་གཏོང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད། ཡང་ཟླ་བ་སྔོན་མ་དེར་རྒྱ་གར་གྱི་གནམ་དམག་གི་དམག་སྤྱིས་རྒྱ་གར་གྱི་སྲུང་སྐྱོབ་ཐོག་ཉེན་ཁ་ཆེ་ཤོས་དེ་པ་ཀི་སི་ཐན་མིན་པར་རྒྱ་ནག་ནས་ཡོང་གི་ཡོད་སྐོར་གཏམ་བཤད་གནང་ཡོད་པ་རེད། རྒྱ་གར་དང་རྒྱ་ནག་བར་གྱི་ས་མཚམས་ཀྱི་དཀའ་རྙོག་ཀྱི་རྩོད་གཞི་དེ་ལོ་ངོ་ལྔ་བཅུ་གོང་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་པ་ནས་བྱུང་བ་ཞིག་ཡིན་པ་དང་ཕྱོགས་ཕན་ཚུན་བར་༡༩༦༢ལོར་དམག་འཁྲུག་ཅིག་བྱུང་ཡོད་པ་མ་ཟད་ས་མཚམས་ཀྱི་དཀའ་རྙོག་དེ་སྲིད་དོན་གྱི་ལམ་ནས་སེལ་རྒྱུའི་འདུན་པ་བཏོན་ཡང་དོན་དངོས་ཐོག་ད་བར་ལག་བསྟར་ཐུབ་པ་གང་ཡང་བྱུང་མེད་པའི་གནས་ཚུལ་ཐོན་བཞག།