དཔོན་རིགས༢༤རྐྱེན་ལམ་དུ་བཏང་བ།
2013.05.27

༄༅། །རྒྱ་གར་གྱི་དབུས་ཤར་གྱི་མངའ་སྡེ་ ཆ་ཏིསེ་གྷར་ ནང་ མའོ་གྱེན་ལོག་ཤོག་ཁག་གིས་ས་གནས་གཞུང་འཛིན་ཀོངྒེ་རེ་སེ་ཚོགས་པའི་དཔོན་རིགས་༢༤རྐྱེན་ལམ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག རེས་གཟའ་སྤེན་པའི་ཉིན་ རྒྱ་གར་དབུས་ཤར་ ཆ་ཏིསེ་གྷར་ མངའ་སྡེའི་ནང་མའོ་གྱེན་ལོག་པ་༣༠༠ཙམ་གྱིས་ཁུལ་དེའི་ཀོངྒེ་རེ་སེ་ཚོགས་པའི་འགྲུལ་སྐྱེལ་མོ་ཊའི་ཁྱུ་གཅིག་བཀག་དཀྱིལ་གྱིས་ས་འོག་འབར་རྫས་གས་ཐོར་གྱི་དོན་རྐྱེན་ནང་། མངའ་སྡེའི་ཀོངྒེ་རེ་སེ་ཚོགས་པའི་དབུ་ཁྲིད་ ནནྡི་ པ་ཊེལ་ དང་ཁོང་སྲིད་བུ། མངའ་སྡེའི་ནང་སྲིད་བློན་ཆེན་ཟུར་པ་ མ་ཇེནྡར་ ཀརྨ་གཙོས་པའི་མི་སྣ་༢༤རྐྱེན་ལམ་དུ་བཏང་མཁན་དེ་དག་འཛིན་བཟུང་ཆེད། དམག་མི་སྟོང་ཕྲག་ཁ་ཤས་བཀྲམས་ནས་རྩད་གཅོད་གནང་མུས་ཡིན་པའི་སྐོར་མངའ་སྡེའི་སྲུང་སྐྱོབ་སྤྱི་ཁྱབ་པ་ རམ་ ནི་ཝ་སེ་ ཡིས་གསར་འགོད་པ་འགྲེལ་བརྗོད་གནང་ཡོད་འདུག། དྲག་རྒོལ་ནང་མི་སྣ་༣༢རྨས་པའི་གྲས་སུ་ དབུས་གཞུང་གིས་བློན་ཆེན་ཟུར་པ་མཚན་སྙན་ཅན་ ཝིདྷ་ཡ་ ཅ་རན་ ཤུཀ་ལ་ ཡང་ཡོད་འདུག། བློན་ཆེན་ཟུར་པ་གནམ་ཐོག་མངའ་སྡེའི་རྒྱལ་ས་ རའི་པུར་ དུ་འོར་འདྲེན་གྱིས་སྨན་བཅོས་གནང་མུས་དང་ཀོངྒེ་རེ་སེ་ཚོགས་པའི་ཚོགས་གཞོན་པ་ ར་ཧུལ་ གྷནྡི་ དེ་མ་ཐག་སྨན་ཁང་ནང་དགོང་ལོ་༨༤ཕེབས་པའི་བློན་ཆེན་ཟུར་པ་ ཤུཀ་ལ་མཇལ་འཕྲད་དུ་ཕེབས་ཡོད་འདུག། གནས་ཚུལ་ནང་ཐོན་པར་གཞིགས་ན་ ཀོངྒེ་རེ་སེ་ཚོགས་པའི་ཚོགས་གཙོ་ སོ་ཎི་ཡ་གྷནྡི་ མཆོག་གིས་དྲག་རྒོལ་དེར་སྐྱོན་བསྐྱོད་གནང་ཡོད་པ་མ་ཟད་སྲིད་བློན་ མན་མོ་ཧང་ སིངྒ་ མཆོག་དང་ལྷན་དུ་རའི་པུར་དུ་བསྐྱོད་གནང་འདུག། རྒྱལ་ཡོངས་ཕྱོགས་འགལ་ཚོགས་པ་ བྷ་རཐ་ཏི་ཡ་ ཇན་པ་ ཚོགས་པའི་དབུ་ཁྲིད་གཙོ་གྲས་ ནྭ་རེནྡར་ མུདྷི་ ཡིས་མའོ་གྱེན་ལོག་ཤོག་གི་དྲག་རྒོལ་དེར་སྐྱོན་བརྗོད་ཆེན་པོ་གནང་འདུག།