རྒྱ་གར་རྒྱལ་ཡོངས་འོས་བསྡུའི་འོས་འཕེན་མཇུག་བསྒྲིལ།
2009.05.13
༄༅༎རྒྱ་གར་ནང་རྒྱལ་ཡོངས་འོས་བསྡུའི་འོས་འཕེན་མཐའ་མ་དེ་དེ་རིང་མཇུག་སྒྲིལ་གནང་ཡོད་པ་རེད། རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ཕྱི་ཟླ་བཞི་པའི་ཚེས་བཅུ་དྲུག་གི་ཉིན་འགོ་བཙུགས་ཀྱིས་རྒྱལ་ཡོངས་ས་ཁུལ་ཆ་བགོས་ཐོག་འོས་བསྡུའི་བང་རིམ་གྱིས་ཐེངས་ལྔ་གནང་བའི་མཐའ་མ་དེ་ཁ་ས་རྒྱ་གར་གྱི་མངའ་སྡེ་ཨུ་ཊར་པཱར་རྡེཤ།པཱན་ཇབ།ནུབ་སྦེང་གོལ།ཊ་མིལ་ན་དྲུ།ཨུ་ཏར་ཀནཏ།ཧི་མ་ཅལ་པཱར་རྡེཤ་དང་ཀ་ཤེ་མིར་བཅས་ཀྱི་ས་ཁུལ་ཁག་ཅིག་གི་ནང་གནང་ཡོད་ཅིང་དོ་ནུབ་འོས་བསྡུ་མཇུག་སྒྲིལ་གྱི་རྗེས་སྲིད་དོན་ཚོགས་ཁག་སུ་འོས་བསྡུའི་རྒྱལ་ཁ་འཐོབ་ཀྱི་ཡོད་མེད་ཀྱི་སྔོན་དཔག་གི་བགྲོ་གླེང་འགོ་ཚུགས་ཀྱི་ཡོད་ནའང་མཐའ་མའི་འོས་བསྡུའི་གྲུབ་འབྲས་དེ་དབུས་འོས་བསྡུ་ལས་ཁང་ནས་འོས་ཤོག་གྲངས་བཤེར་རྗེས་ཕྱི་ཚེས་བཅུ་དྲུག་རེས་གཟའ་སྤེན་པའི་ཉིན་དངོས་སུ་གཞུང་འབྲེལ་གསལ་བསྒྲགས་གནང་གི་ཡོད་པ་རེད།
སྲིད་དོན་དབྱེ་ཞིབ་པ་ཚོས་ད་རེས་ཀྱི་འོས་བསྡུ་དེ་འགྲན་རྩོད་ཧ་ཅང་ཆེན་པོ་བྱུང་ཡོད་པར་གཞུང་འཛིན་ཀོང་རེ་སི་ཚོགས་པ་དང་ཕྱོགས་འགལ་སྦི་ཇེ་པི་རྒྱ་གར་མི་མང་གི་ཚོགས་པ་གཉིས་ཀར་གཞུང་འཛིན་ཐུབ་པའི་མང་མོས་རྒྱལ་ཁ་ཐོབ་བཟོ་མེད་པ་དང་སྲིད་དོན་ཚོགས་ཁག་གཉིས་ཀར་རང་གི་དེ་སྔའི་མནའ་མཐུན་གྱི་ཐོག་སྲིད་དོན་ཚོགས་པ་གཞན་ཁག་གི་རྒྱབ་སྐྱོར་འཚོལ་ཞིབ་བྱ་དགོས་པ་འགྱུར་རྒྱུ་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན་རྒྱ་གར་ནང་སྲིད་གཞུང་གསར་པ་དེ་སྲིད་དོན་ཚོགས་པ་སྣེ་མང་མཉམ་རུབ་བྱེད་པའི་མནའ་འབྲེལ་གཞུང་ཞིག་ཡོང་རྒྱུ་དང་གཞུང་འཛིན་ནང་གོ་གནས་དང་དབང་ཆའི་འཐབ་རྩོད་རྒྱུན་མི་ཆད་པ་ཞིག་ཡོང་རྒྱུའི་དགོངས་ཚུལ་གསུངས་ཀྱི་ཡོད་པ་རེད།