རྒྱ་གར་གྱི་སོ་མི་རམ་དེཕ་སྨན་ཁང་དུ་བསྐྱལ་ཡོད་པ།
2011.06.10
༄༅༎ཡོའོ་ག་ལུས་སྦྱོང་རྩལ་ལ་སྐད་གྲགས་ཆེ་བའི་རྒྱ་གར་གྱི་བྲམ་ཟེ་སུ་ལྦ་མི་རམ་རྡེལྦ་ཡིས་རྒྱ་གར་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུང་གྱི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ཀྱི་ཆེད་དུ་ཟས་བཅད་ངོ་རྒོལ་གནང་སྟེ་དེ་རིང་གིས་གཟའ་འཁོར་གཅིག་འགྲོ་བའི་ཉིན་སྨན་ཁང་དུ་བསྐྱལ་ཡོད་པ་རེད།
དེ་རིང་ཁོང་གི་མགྲིན་ཚབ་པས་གསུངས་པར་གཞིགས་ན། སུ་ལྦ་མི་རམ་རྡེལྦ་ཡིས་རྒྱ་གར་གཞུང་གི་ལྐོག་ཟ་རུལ་སུང་བྱ་སྤྱོད་ལ་གདོང་ལེན་བྱ་རྒྱུར་ཁོང་གིས་བཏོན་པའི་དགོས་འདུན་རྣམས་རྒྱ་གར་གཞུང་གིས་ངོས་ལེན་བྱ་དགོས་པའི་གནོན་ཤུགས་སྤྲོད་ཐབས་སུ་མི་ཤི་བར་དུ་ཟས་བཅད་ངོ་རྒོལ་གི་ལས་འགུལ་འགོ་བཙུགས་ཡོད་ཀྱང་། ད་རིང་སྨན་ཁང་དུ་བསྐྱལ་ཡོད་པ་གསུངས་ཡོད་པ་རེད། ཁོང་གིས་ཟླ་བ་འདིའི་ཕྱི་ཚེས་༣ ཉིན་གསལ་བསྒྲགས་བྱས་ཏེ། ཕྱི་ཚེས་༤ ནས་རྒྱ་གར་གྱི་རྒྱལ་ལྡི་ལིའི་ནང་སྡོད་གུར་ཞིག་ཕུབས་ཏེ་རྗེས་འཇུག་སློབ་མ་ས་ཡ་མང་པོའི་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཐབས་གནང་ཡོད་ཀྱང་། རྒྱ་གར་གཞུང་གི་ཉེན་རྟོག་པས་བཙན་དབང་གི་སྒོ་ནས་ལས་འགུལ་སྤེལ་དུ་མ་བཅུག་པར་ཁོང་གི་བཞུགས་གནས་སུ་བསྐྱལ་ཡོད་ཀྱང་། ཁོང་གིས་མུ་མཐུད་ཟས་བཅད་ངོ་རྒོལ་གནང་བ་མ་ཟད། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུ་བ་སྐད་གྲགས་ཅན་ཨེན་ན་ཧ་ཛ་རེ་དང༌། ཕྱོགས་འགལ་ཆབ་སྲིད་ཚོགས་པས། སུ་ལྦ་མི་རམ་རྡེལྦ་ཡིས་བཏོན་པའི་དགོས་འདུན་ཁག་རྒྱ་གར་གཞུང་གིས་དང་ལེན་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པར་བརྟེན། རྒྱ་གར་གྱི་ས་གནས་དཔོན་རིགས་ནས་སུ་ལྦ་མི་རམ་རྡེལྦ་སྨན་ཁང་དུ་ཁྲིད་དགོས་པའི་བཀོད་ཁྱབ་བཏང་བ་ཡིན་པའི་སྐོར་བཀོད་སྤེལ་བྱས་ཡོད་པ་རེད།།