རྒྱ་གར་དང་བོད་དབར་ས་མཚམས་སྲུང་སྐྱོབ་ཆེད་དམག་མི་ཁ་སྣོན།
2010.05.20
༄༅༎རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་སྲུང་སྐྱོབ་ཆེད་རྒྱ་གར་གཞུང་གི་ཉེ་ལམ་བྱང་ཤར་ཨ་རུ་ན་ཅལ་པར་རྡེཤ་ཁུལ་དུ་ས་མཚམས་སྲུང་དམག་༣༠༠༠༠བྱས་པའི་དཔུང་དམག་ཁག་གཉིས་གསར་དུ་བཀོད་སྡོམ་བྱས་པའི་ཁར་ད་དུང་རྒྱ་གར་དང་བོད་དབར་ས་འབྲེལ་གྱི་ས་མཚམས་ས་ཁུལ་གཞན་སྲུང་སྐྱོབ་ཆེད་དམག་མི་ཁ་སྣོན་འདུ་བཀོད་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་ཚེས་༡༨ཉིན་རྒྱ་གར་གྱི་དུས་བབ་ཅེས་པའི་རྒྱ་གར་གྱི་གསར་ཤོག་དེས་དྲ་རྒྱའི་དཔར་དངོས་སུ་བཀོད་པའི་གནས་ཚུལ་ལ་གཞིགས་ཚེ་ ཚེས་༡༧ཉིན་རྒྱ་གར་གྱི་རྐང་དམག་སྒྲིག་འཛུགས་ཀྱི་དམག་སྤྱི་ལྦེ་ཀེ་སིང་གི་གཙོ་སྐྱོང་འོག་རྐང་དམག་སྒྲིག་འཛུགས་ཀྱི་དམག་སྤྱིའི་ལྷན་ཚོགས་གནང་ཡོད་པ་རེད་ ལྷན་ཚོགས་དེའི་ཐོག་༡༩༩༩ལོར་རྒྱ་གར་དང་པ་ཀི་སི་ཐན་དབར་ཀར་གིལ་དམག་འཐབ་སྐབས་ལ་དྭགས་སི་ཀོཏ་སི་ཞེས་པའི་རྒྱ་གར་གྱི་དམག་དཔུང་སྡེ་ཁག་གིས་ཁུལ་དེའི་ས་མཚམས་ནས་པ་ཀི་སི་ཐན་གྱི་དམག་དཔུང་ཕྱིར་འབུད་གཏོང་རྒྱུར་དམིགས་བསལ་གྱི་ནུས་པ་ཤུགས་ཆེ་བྱུང་ཡོད་པར་སོང་ ད་ཆ་རྒྱ་གར་ཨ་རུ་ན་ཅལ་པར་རྡེཤ་དང་འབྲས་ལྗོངས་ཁུལ་དུ་རྒྱ་བོད་ས་མཚམས་སྲུང་སྐྱོབ་ཆེད་ཨ་རུ་ན་ཅལ་དང་འབྲས་ལྗོངས་དམིགས་བསལ་དཔུང་དམག་སྡེ་ཚན་གསར་འཛུགས་ཆེད་དམག་མི་འདུ་སྐོང་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་པ་དང་ འཆར་གཞི་དེ་དག་རྒྱ་གར་དབུས་གཞུང་ལ་འབུལ་ལམ་ཞུ་རྒྱུ་ཡིན་པར་གསལ་འདོན་བྱས་འདུག དམག་དཔུང་སྡེ་ཁག་དེ་གཉིས་ནང་སྔོན་དྲོའི་ཚུལ་དུ་ཐོག་མར་དམག་ཞབས་གསར་པ་གྲངས་༥༠༠༠རེ་རེ་འདུ་སྐོང་གནང་རྩིས་ཡོད་པ་འགྲེལ་བརྗོད་བྱས་འདུག་༎