རྩེད་འགྲན་བརྒྱུད་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བ་སླར་གསོ།
2011.03.31
༄༅༎རྒྱ་གར་གྱི་སྲིད་བློན་མཆོག་ནས་རྩེད་འགྲན་བརྒྱུད་ཁྱིམ་མཚེས་པ་ཀི་སི་ཏན་དང་འབྲེལ་བ་སླར་གསོ་བྱེད་ཐུབ་སྲིད་པ་མ་ཟད་འཆར་གཞི་དེར་བསྔགས་བརྗོད་འོས་པ་ཞིག་ཏུ་གྱུར་ཡོད་པའི་དཔྱད་ཞིབ་བྱས་འདུག
འདས་པའི་ཟླ་བ་མང་པོའི་རིང་རྒྱ་གར་གྱི་སྲིད་བློན་དྲོག་དྲར་ མན་མོ་ཧན་སིང་མཆོག་གིས་དབུ་འཁྲིད་པའི་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་ནས་ལྐོག་ཟ་རུལ་སུངས་ཀྱི་རྙོག་དྲ་བྱུང་བ་དང་དེའི་ཐོག་དཔྱ་ཁྲལ་ལས་ཁུངས་དང་། གསང་བའི་ལས་ཁུངས་སོགས་ནས་རྩད་གཅོད་བྱེད་བཞིན་པ་བཅས་ཀྱི་གནས་ཚུལ་མང་པོ་ཞིག་ལྷག་ཡོད་པ་མ་ཟད་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་ཉིན་ལྟར་བཏོན་བཞིན་ཡོད་པ་དེས་གཞུང་འཛིན་ཀོང་རེ་སེ་གྱི་མནའ་འབྲེལ་ལ་མཛད་དཀའ་ཆེན་པོ་བཟོས་ཡོད་པ་རེད། དེའི་ཐོག་རྒྱ་གར་རྒྱལ་ཡོངས་སུ་ཡུལ་ཐང་གི་རིན་གོང་ཧ་ཅང་ཆེན་པོ་འཕར་བ་དེར་མང་ཚོགས་དཀྱུས་མ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་བཅས་བྱུང་ཡོད་པ་རེད། འོན་ཀྱང་ཁ་ས་འཛམ་གླིང་དབྱུགས་རྩེད་སྤོ་ལོའི་འགྲན་བསྡུར་དེ་བཞིན་བྱང་ཕྱོགས་ཅཱན་དི་གར་གྱི་མངའ་ཁུལ་མོ་ཧ་ལི་ནང་རྒྱ་གར་དང་པ་ཀི་སི་ཏན་གཉིས་དབར་མཐའ་མའི་གོང་གི་འགྲན་བསྡུར་བྱས་པའི་སྐབས་སྲིད་བློན་མཆོག་ནས་ཁྱིམ་མཚེས་པ་ཀི་སི་ཏན་གྱི་སྲིད་བློན་དང་གནད་ཡོད་མི་སྣ་ཚོ་དམིགས་བསལ་མགྲོན་འབོད་གནང་བས་མ་ཟད་རྩེད་འགྲན་ཉིན་སྲིད་བློན་རྣམ་གཉིས་ལྷན་རྒྱས་གཟིགས་མོ་གཟིགས་པ་དང་དེའི་གོང་ཙམ་ལ་ནང་སྲིད་དྲུང་ཆེ་གཉིས་མཇལ་འཛོམས་ཀྱིས་གྲོས་མོལ་སླར་གསོ་བྱས་པ་དེ་ནི་འདས་པའི་ལོ་ངོ་གཉིས་ཙམ་རིང་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་འཁོན་འཛིན་ཆེ་རུ་ཕྱིན་ནས་གྲོས་མོལ་མ་བྱུང་བ་དེར་སླར་གསོ་བྱུང་བ་ཞིག་དང་གྲོས་མོལ་ཡང་ལམ་ལྷོངས་ཡག་པོ་བྱུང་ཡོད་པ་བཅས་ལ་བརྟེན་སྲིད་བློན་དྲོག་དྲར་ མན་མོ་ཧྣ་སིང་མཆོག་གི་ད་རེས་འབྲེལ་ལམ་སླར་གསོའི་འཆར་གཞི་དེར་བསྔགས་བརྗོད་འོས་པ་ཞིག་གྱུར་ཡོད་པའི་དཔྱད་ཞིབ་བྱས་འདུག འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་རྩ་བའི་ཉེ་ཆར་གྱི་ཡུལ་གཉིས་ཀྱི་འབྲེལ་ལམ་དེ་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་པ་ལྟབུ་མཚོན་ཐུབ་ཀྱང་ད་ལྟའི་གཞུང་འཛིན་གྱི་གནད་ཡོད་ལས་བྱེད་ཁག་ཅིག་ཐོག་ཡོད་པའི་རྙོག་དྲ་དང་། དེ་བཞིན་ཡུལ་ཐང་རིན་གོང་འཕར་ཆ་ཆེན་པོ་ཡོད་པའི་དཀའ་རྙོག་དེ་སེལ་མ་ཐུབ་ཀྱི་བར་དུ་སྲིད་བློན་དྲོག་དྲར་མན་མོ་ཧན་སིང་གི་ཕྱག་ལས་གནང་ཕྱོགས་ལ་མུ་མཐུད་ནས་སྐྱོན་བརྗོད་དང་དཀའ་ངལ་འཕྲད་སྲིད་པའི་སྐོར་ཡང་དགོངས་ཚུལ་གསུངས་འདུག