རྒྱ་གར་ནས་དྲག་སྤྱོད་འགོག་རྒོལ་གྱི་ཁྲིམས་དོ་དམ་དུ་གཏོང་འཆར།
2008.09.18
༄༅༎གཟའ་འཁོར་སྔོན་མར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འབར་རྫས་རིམ་པ་མང་པོ་གས་ཐོར་བྱུང་བའི་རྗེས་སུ་ རྒྱ་གར་གཞུང་གིས་གསང་བའི་གནས་ཚུལ་མཁོ་སྒྲུབ་ཐུབ་ཀྱི་མེད་པ་ངོས་ལེན་གནང་བ་དང་སྦྲགས་ དྲག་པོའི་འཇིགས་སྐུལ་རིང་ལུགས་ལ་འགོག་རྒོལ་གྱི་ཁྲིམས་གཞི་དོ་དམ་དུ་གཏོང་ཕྱོགས་སྐོར་གཟིགས་ཞིབ་གནང་རྒྱུ་ཡིན་ལུགས་གསུངས་འདུག
རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་རྒྱ་གར་ཡུལ་དེ་རང་ནས་བྱུང་བའི་དྲག་སྤྱོད་པར་ཡང་གདོང་ལེན་བྱེད་དགོས་ཡོད་པ་དང་ དེ་སྔ་ཡིན་ན་རྒྱ་གར་ནང་བྱུང་བའི་གཏོར་རྒོལ་ཡོངས་རྫོགས་ཁྱིམ་མཚེས་རྒྱལ་ཁབ་པ་ཀིསི་ཐན་ནས་བྱུང་ལུགས་ཁ་གཡོགས་དཀྲིས་ཀྱི་ཡོད་ལུགས་རྒྱལ་ས་ལྡི་ལིའི་ནང་གསུངས་འདུག འདི་ལོ་རྒྱ་གར་གྱི་གྲོང་ཁྱེར་ཇའེ་པུར་དང་ཨེམ་རྡ་སྦ་རྡེ། སྦེང་ལོར་ དེ་བཞིན་བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་རྒྱལ་ས་ལྡི་ལིའི་མི་ཚོགས་ཆེ་བའི་ཁྲོམ་གཞུང་ཁག་ནང་འབོམ་རྫས་གས་ཐོར་བྱུང་བཅས་ཁྱོམ་བསྡོམས་མི་གྲངས་༡༠༠ལྷག་རྐྱེན་ལམ་དུ་ཕྱིན་པའི་རྗེས་སུ་ སྲིད་བློན་མན་མོ་ཧན་སིང་མཆོག་གིས་དབུ་ཁྲིད་པའི་རྒྱ་གར་གཞུང་འཛིན་ལ་ཕྱོགས་འགལ་སྲིད་དོན་ཚོགས་པ་གཙོས་པའི་མི་མང་གིས་ངོ་རྒོལ་ཤུགས་ཆེ་བྱུང་པ་མ་ཟད་ རྒྱལ་ས་ལྡི་ལིའི་ནང་འབོམ་རྫས་གས་ཐོར་འོག་མི་གྲངས་༢༢རྐྱེན་ལམ་དུ་ཕྱིན་པའི་རྗེས་སུ་ རྒྱ་གར་གཞུང་གིས་དྲག་པོའི་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་གདོང་ལེན་བྱེད་ཐུབ་ཀྱི་མེད་པ་དང་གདོང་ལེན་བྱ་རྒྱུའི་ཐབས་ཇུས་ཞན་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་འདུག།