རྒྱ་གར་ནང་འཇིགས་བསྐུལ་དྲག་སྤྱོད་པ་རྩ་མེད་བཟོ་འཆར།
2009.08.15
༄༅༎རྒྱ་གར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་སྟེ་ལོ་ངོ་དྲུག་བཅུ་རེ་གཉིས་འཁོར་བའི་དུས་ཆེན་གྱི་མཛད་སྒོ་ཕྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་གཟབ་རྒྱས་ཀྱི་ངང་སྲུང་བརྩི་ཞུས་ཡོད་པ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གཞུང་འབྲེལ་གྱི་མཛད་སྒོའི་སྐབས་སྲིད་བློན་སྐུ་ཞབས་མཱན་མོ་ཧན་སིང་མཆོག་གིས་རྒྱ་གར་གྱི་ནང་འཇིགས་བསྐུལ་དྲག་སྤྱོད་པ་དང་མའོའི་དྲག་སྤྱོད་པར་ཁ་གཏད་གདོང་ལེན་ཚུལ་བཞིན་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།
སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་རྒྱ་གར་གཞུང་གི་ངོས་ནས་སྔ་ལོ་མུམ་སྦའེ་གྲོང་ཁྱེར་ནང་འཇིགས་བསྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཚབས་ཆེ་བཏང་པའི་དོན་རྐྱེན་དེ་རིགས་འགོག་ཐབས་ཆེད་སྲུང་སྐྱོབ་ལས་དོན་གྱི་ཚད་གཞི་ཧ་ཅང་མཐོ་རུ་གཏོང་བཞིན་ཡོད་པ་གསུངས་པ་དང་རྒྱ་གར་གྱི་ས་ཐོག་འཇིགས་བསྐུལ་དྲག་སྤྱོད་རྩ་མེད་གཏོང་རྒྱུའི་ལས་དོན་ལ་ལམ་ལྷོངས་ཡོང་གི་རེད་ཅེས་གསུངས་འདུག
ཕྱི་ལོ་༡༩༤༧ལོ་དེ་ནི་རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པའི་ལོ་དུས་དེ་ཡིན་ཞིང་ལོ་དེར་དབྱིན་ཇིས་ཧིན་རྡུ་དང་ཁ་ཆེའི་ཆོས་ལུགས་རྗེས་འབྲངས་མང་ཉུང་གི་ཐོག་ནས་རྒྱ་གར་དང་པ་ཀི་སི་ཐན་ཞེས་ཡུལ་གྲུ་གཉིས་སུ་ཁ་བྲལ་རང་བཙན་སྤྲད་ཅིང་དུས་དེ་ནས་བཟུང་ཡུལ་གྲུ་གཉིས་དབར་དམག་འཁྲུག་ཐེངས་མ་འགའ་ཤས་རྒྱབ་ཡོད་པར་མ་ཟད་རྫོགས་རྒྱུ་མེད་པའི་རྙོག་ཁྲ་བསྟུད་མར་ལྷགས་བཞིན་ཡོད་པ་རེད།
གཟའ་སྤེན་པའི་ཉིན་རྒྱ་གར་གྱི་སྲིད་བློན་མཆོག་ནས་པ་ཀི་སི་ཐན་ཞེས་མིང་དངོས་སུ་གསུངས་མེད་ན་ཡང་རྒྱ་གར་གྱི་ངོས་ནས་ཁྱིམ་མཚེས་ཡུལ་གྲུ་ཚོ་དང་ཞི་བདེ་དང་མཐུན་ལམ་གྱི་སྒོ་ནས་མཉམ་གནས་བྱ་འདོད་ཡོད་པ་གསུངས་ཤིང་ཡང་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་རྒྱ་གར་གྱི་ཡུལ་གྲུ་ཕྱེད་ཀ་ལྷག་གི་ནང་ཁྱབ་པའི་མའོའི་གྱེན་ལོག་ཤོག་ཁག་གི་བསྒྲིག་འཛུག་ཁག་ལ་ཡང་ཁ་གཏད་གདོང་ལེན་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། ཁོང་གིས་མི་འགའ་ཞིག་གིས་མེ་མདའི་འོག་ནས་ཡུལ་དབང་བསྒྱུར་ཐུབ་རྒྱུ་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་ཁོང་ཚོས་རྒྱ་གར་གྱི་མང་གཙོའི་སྟོབས་ཤུགས་ཚོད་དཔག་ཐུབ་ཀྱི་མེད་པ་རེད་ཅེས་གསུངས་འདུག།