རྒྱ་གར་གྱི་མཚོ་རྒྱུད་ས་ཁུལ་སྲུང་སྐྱོབ་ཀྱི་ནན་སྐུལ།
2011.12.20
༄༅༎རྒྱ་གར་གྱི་སྲིད་འཛིན་པཱར་ཏི་བ་པ་ཀྲིལ་མཆོག་གིས་རྒྱ་གར་གྱི་རྒྱ་མཚོ་དང་མཚོ་ཐོག་སྐྱེལ་འདྲེན་གྱི་ལས་དོན་གྱི་བདེ་སྲུང་ཁག་ཡར་རྒྱས་བཏང་སྟེ་མཚོ་རྒྱུད་ཀྱི་ས་ཁུལ་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེ་ཡིན་པའི་ནན་བསྐུལ་གནང་བཞག། སྲིད་འཛིན་པཱར་ཏི་བ་པ་ཀྲིལ་མཆོག་གིས་རྒྱ་གར་གྱི་རྒྱ་མཚོའི་བདེ་སྲུང་གནས་བབ་ལ་བསྐྱར་ཞིབ་གནང་སྟེ་ མཚོ་འགྲམ་གྱི་ས་རྒྱུད་དེ་ཚོ་ནི་རྒྱ་གར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གཉིས་ཀར་དགོས་མཁོ་ཧ་ཅང་ཆེན་པོ་ཡིན་སྐོར་གསུང་བཞག། རྒྱ་གར་གྱི་སྲིད་འཛིན་གྱིས་ད་ལན་མཚོ་རྒྱུད་དང་མཚོ་ཁའི་བདེ་སྲུང་ལ་བསྐྱར་ཞིབ་གནང་བ་དེ་ནི་ཕྱི་ལོ་༡༩༤༧ལོར་རྒྱ་གར་ལ་རང་བཙན་ཐོབ་པ་ནས་བཟུང་ད་བར་བསྐྱར་ཞིབ་དེ་རིགས་གནང་བ་ ཐེངས་བཅུ་པ་དེ་ཡིན་པ་རེད། དེ་བཞིན་སྲིད་འཛིན་མཆོག་གིས་རྒྱ་མཚོ་སྐོར་སྲུང་བྱ་མིའི་འགན་འཛིན་ལྷན་ཚོགས་ཤིག་ལ་གསུང་བཤད་གནང་བའི་ནང་མཚོ་ཁའི་ས་རྒྱུད་ནས་རྡོ་སྣུམ་འཚོལ་ཞིབ་བྱེད་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་བྱ་གཞག་གལ་ཆེ་ཞིག་ཡིན་སྟབས་མཚོ་ཁའི་ས་རྒྱུད་རྣམས་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེ་ཞིག་ཡིན་ལུགས་ཡང་གསུང་བཞག།