རྒྱ་གར་སྲིད་བློན་ནས་དཔལ་འབྱོར་གྱི་ཐུགས་འགན་མཉམ་བཞེས།

རྒྱ་གར་གྱི་སྲིད་བློན་མཆོག་གིས་གནས་སྐབས་རིང་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་གྱི་ཐུགས་འགན་ཡང་བཞེས་གནང་རྒྱུ་ཡིན་པ་རེད།

2008.11.30

༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་སྲིད་བློན་གྱི་ཐུགས་འགན་བཞེས་པའི་ཐོག་ལ་གནས་སྐབས་རིང་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་གྱི་ཐུགས་འགན་ཡང་བཞེས་གནང་རྒྱུ་ཡིན་པ་རེད།

ཨ་མི་རི་ཀ་དང་ཡོ་རོབ་སྤྱི་མཐུན།རྒྱ་ནག་སོགས་ཀྱི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་ནང་བཞིན་དེང་སྐབས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཡང་ལོ་རེ་བཞིན་ཉམས་ཆག་འགྲོ་བཞིན་པ་ཡིན་པར་གདོང་ལེན་བྱ་དགོས་པའི་ཛ་དྲག་གི་གནས་ཚུལ་ཆགས་བཞིན་པའི་ཁར་ཉེ་ལམ་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་མུམ་སྦའེ་ཐོག་འཇིགས་སྐུལ་དྲག་སྤྱོད་པ་ཚོས་མི་རྒྱུ་འཛུགས་བསྐྲུན་བཅས་པར་གཏོར་རྒོལ་གྱི་འཚེ་བ་བསམ་ཡུལ་ལས་འདས་པ་བྱས་པའི་རྗེས་སུ་ནང་སྲིད་བློན་ཆེན་ཤིལྦ་རཇེ་པ་ཏེལ་གྱིས་རྩ་དགོངས་ཞུ་དགོས་ཆགས་ཏེ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་བདེ་འཇགས་ཀྱི་གནས་སྟངས་ཡང་ཤིན་ཏུ་ཉེན་འཕྲད་ཅན་དུ་གྱུར་བར་བརྟེན་སྲིད་བློན་མཆགོ་གིས་དཔལ་འབྱོར་ལྷན་ཁང་གི་སྲོལ་རྒྱུན་ཐུགས་འགན་བཞེས་རྒྱུ་དང་ནོར་སྲིད་བློན་ཆེན་ཆི་རྡམ་སྦ་རམ་ནང་སྲིད་བློན་ཆེན་དུ་གནས་སྤོས་གནང་ཡོད་པ་རེད། དེ་དང་དུས་མཉམ་དུ་རྒྱ་གར་གཞུང་གི་ནོར་སྲིད་དྲུང་ཆེ་ཟུར་པ་རྡ་ལྦུ་རི་སུ་སྦ་རའོ་རྒྱ་གར་གྱི་དངུལ་ཁང་ཨ་མའི་སྤྱི་ཁྱབ་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་དཔལ་འབྱོར་སློབ་སྟོན་པ་ཟུར་པ་ར་གུ་རམ་ར་ཇན་ཞུ་བ་དེ་ཉིད་སྲིད་བློན་མཆོག་གི་དཔལ་འབྱོར་སློབ་སྟོན་པར་བསྐོ་བཞག་གནང་ཡོད་པ་རེད། ལོ་རྗེས་མའི་ཕྱི་ཟླ་ལྔ་པའི་ནང་རྒྱ་གར་ནང་གྲོས་ཚོགས་འོག་མའི་འཐུས་མི་གསར་འདེམས་ཆེད་རྒྱལ་ཡོངས་འོས་བསྡུ་ཆེན་པོ་བྱ་རྒྱུ་དུས་ཚོད་རན་པར་བརྟེན་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཉམས་ཆག་འགྲོ་བཞིན་པ་ཡིན་པའི་ཁར་གྲོང་ཁྱེར་མུམ་སྦའེ་ཐོག་འཇིགས་སྐུལ་དྲག་སྤྱོད་པ་ཚོས་བསམ་ཡུལ་ལས་འདས་པའི་མི་བསད་ཁྲག་སྦྱོར་དང་དཔལ་འབྱོར་འཛུགས་བསྐྲུན་གྱི་ལྟེ་གནས་ཐོག་གཏོར་རྒོལ་དེ་ཙམ་བྱས་པའི་རྗེས་སུ་ཀོང་རེ་སི་ཚོགས་པས་སྣེ་འཁྲིད་པའི་རྒྱ་གར་གྱི་གཞུང་འཛིན་ཚོགས་པར་རྒྱལ་ཁ་འཐོབ་རྒྱུའི་རེ་བ་ཆུང་དུ་འགྲོ་ཉེན་ཡོད་པ་རེད། ཡིན་ནའང་ལོ་རྗེས་མའི་ཕྱི་ཟླ་ལྔ་པའི་རྒྱལ་ཡོངས་འོས་བསྡུའི་སྐབས་ཀོང་རེ་སི་ཚོགས་པར་རྒྱལ་ཁ་འཐོབ་དང་མི་འཐོབ་ཀྱི་ཐག་གཅོད་དེ་རྒྱ་གར་གྱི་སྲིད་བློན་དང་དཔལ་འབྱོར་བློན་ཆེན་གྱི་ཐུགས་འགན་མཉམ་བཞེས་གནང་མཁན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གི་རྣམ་དཔྱོད་དང་ནང་སྲིད་བློན་ཆེན་གསར་པ་ཆི་རྡམ་སྦ་རམ་རྣམ་གཉིས་ཀྱིས་མ་འོངས་པའི་ཟླ་བ་ཁ་ཤས་ནང་གི་བྱས་རྗེས་ལ་རག་ལུས་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎