རེ་བ་བརླག་རྒྱུ་མེད།
2013.09.26

༄༅། །ཁ་སང་ཚེས་༢༥ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཏུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག བོད་ནང་རང་ལུས་མེར་སྲེག་དང་། བོད་མིས་རང་གི་ངོ་བོ་ཇི་ལྟར་མཚོན་གྱི་ཡོད་པའི་སྐོར། རྒྱ་གར་གྱི་མཁས་པའི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་སོང་། གསུང་བཤད་ཀྱི་ལས་རིམ་དེའི་ཐོག རྒྱ་གར་གྱི་མཁས་དབང་ལྕམ་སྐུ་་ Ananya Vajpeyi ལགས་སྐུ་མགྲོན་དུ་གདན་ཞུས་ཀྱིས་གླེང་མོལ་གནང་ཡོད་པ་རེད། ཁོང་གིས་གསུང་བཤད་ནང་ བོད་མི་རྣམས་ནས་རང་དབང་འཐབ་རྩོད་ཀྱི་ལས་རིམ་སྐབས་བོད་མི་རིགས་ཀྱི་ངོ་བོ་མཚོན་ནུས་པའི་རིག་གཞུང་གཅེས་སྐྱོང་བྱ་རྒྱུ་མཚོན་པའི་བཟང་ཕྱོགས་ཀྱི་ལས་རིམ་སྣ་ཚོགས་བརྒྱུད་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པ་ཞིག་བྱེད་དགོས་སྐོར་ནན་བརྗོད་གནང་སོང་། མཁས་དབང་ལྕམ་སྐུ་Ananya Vajpeyi ལགས་ནས་ བོད་མི་རྣམས་ནས་རེ་བ་བརླག་སོང་བསམ་པ་བྱ་རྒྱུ་མེད་པའི་ལམ་སྟོན་གནང་སྐབས། དེ་སྔ་དམག་ཆེན་གཉིས་པའི་སྐབས་ འཇར་མ་ནི་ ན་ཛིའི་དབང་ཤུགས་འོག་ གནས་སྟངས་ཀྱི་ཆ་ནས་ཇིའུ་མི་རིགས་རྣམས་འཆི་རྒྱུ་ལས་འདེམས་ཁ་གཞན་མེད་པ་ལྟ་བུ་ཡིན་ཡང་། སྐབས་དེར་ཇིའུ་མི་རིགས་ཚོའི་རེ་བ་མ་བརླགས་པའི་སེམས་ཤུགས་དང་སྙིང་སྟོབས་ལུང་འདྲེན་གནང་སྟེ། བོད་མི་རྣམས་ནས་ཀྱང་རེ་བ་བརླག་རྒྱུ་མེད་སྐོར་ནན་བརྗོད་གནང་སོང་། དེ་བཞིན་ཡང་ཁོང་གིས་བདག་ཉིད་ཆེན་པོ་གཱནྡིGandhi ཡིས་རང་བཙན་འཐབ་རྩོད་གནང་སྟངས་མང་པོ་ཞིག་ལུང་འདྲེན་གནང་བའི་བརྒྱུད། བོད་མི་རྣམས་ནས་མིག་དཔེ་ལེན་དགོས་པའི་གནས་ཚུལ་ཇེ་མང་ལམ་སྟོན་གྱི་མཚོན་དུ་ལུང་འདྲེན་གནང་སོང་།
ཁ་སའི་ལས་རིམ་དེ་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་ཀྱིས་གཙོ་སྐྱོང་གནང་བ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ནས་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྐབས། ད་རེས་ཀྱི་གཏམ་བཤད་ཀྱི་ལས་རིམ་དེ་དེ་སྔ་དང་མི་འདྲ་བ་བྱུང་ཡོད་སྐོར་གསུངས་སོང་།
ལྕམ་སྐུ་ Ananya Vajpeyi ལགས་ནི། རྒྱ་གར་གྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཞིག་ཡིན་པ་དང་། ཁོང་གིས་སྙན་གྲགས་ཅན་གྱི་ཕྱག་དེབ་་Righteous Republicཞེས་པའི་ནང་། དེང་རབས་ཅན་གྱི་རྒྱ་གར་གྱི་ཆབ་སྲིད་ཀྱི་རྨངས་གཞིའི་ནང་ནུབ་ཕྱོགས་པའི་ལྟ་བ་ཁོ་ན་མ་ཡིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་འབྲེལ་ནས་ཡོད་པའི་སྐོར་གསལ་འདོན་གནང་ཡོད་པ་རེད། ཁོང་བོད་དོན་ལ་ཐུགས་སྣང་སླེབས་སྟངས་ལ་མཚོན་ན། ཕྱོ་ལོ་༡༩༩༢ལོར་ཐོག་མ་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པའི་རྗེས་རིམ་པས་བོད་ཀྱི་གནད་དོན་ཐོག་ཐུགས་སྣང་སླེབས་པ་ཞིག་ཡིན་པ་རེད་འདུག།