རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་འོས་བསྡུ་འགོ་ཚུགས།

དེ་རིང་ནས་བཟུང་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུ་བྱེད་རྒྱུ་འགོ་ཚུགས་ཡོད་པ་དང་ཟླ་བ་གཅིག་རྗེས་གྲུབ་འབྲས་ཐོན་རྒྱུ།

2009.04.16

༄༅༎རྒྱ་གར་ནང་རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་འོས་བསྡུ་བྱེད་རྒྱུ་འགོ་ཚུགས་ཡོད་འདུག

དེ་རིང་ཚེས་བཅུ་དྲུག་ནས་བཟུང་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུ་བྱེད་རྒྱུ་འགོ་ཚུགས་ཡོད་པ་ནས་ཁྱོན་བསྡོམས་འོས་འཕེན་ཆོག་པའི་མི་གྲངས་ས་ཡ་བདུན་བརྒྱ་ལྷག་ཙམ་ཡོད་པའི་ཁོངས་ནས་དེ་རིང་འོས་བསྡུའི་ལས་དོན་དང་པོའི་གྲས་སུ་མི་གྲངས་ས་ཡ་བརྒྱ་དང་བཞི་ཅུ་ཐམ་པས་འོས་འཕེན་རྒྱུ་ཡིན་འདུག

འོས་བསྡུའི་ལས་དོན་སྤེལ་ཡུལ་དང་པོའི་ཁོངས་སུ་རྒྱ་གར་ཤར་ཕྱོགས་འཇར་ཁན་མངའ་སྡེའི་ནང་ཡིན་དུས་དེའི་ནང་དེ་རིང་མའོ་གྱེན་ལོག་ཤོག་ཁག་པས་ཉེན་རྟོག་དམག་མི་དྲུག་ཙམ་རྐྱེན་ལམ་དུ་བཏང་བ་དང་འོས་བསྡུའི་ལས་བྱེད་མི་གསུམ་བཙན་འཁྲིད་ཀྱི་གནས་ཚུལ་བྱུང་འདུག དེ་དང་ཕྱོགས་མཚུངས་བྱང་ཤར་ཨ་སམ་མངའ་སྡེའི་ནང་དུའང་དེ་རིང་འོས་བསྡུ་བྱེད་ཀྱི་ཡོད་པ་ལྟར་ཟིང་ཆའི་ཉེན་ཁ་ཡོད་མིན་ལ་མ་ལྟོས་པར་མང་ཚོགས་མང་པོས་མཉམ་ཞུགས་བྱས་འདུག་པ་མ་ཟད་བུད་མེད་གཞོན་སྐྱེས་ཤིག་ནས་གྱེན་ལོག་པ་ཚོས་འོས་བསྡུ་བྱེད་མི་ཆོག་ཅེས་ཉེན་བརྡ་བཏང་གི་ཡོད་ཀྱང་དེར་ཞེད་སྣང་བྱས་ན་བསྡད་ཐབས་མེད་པར་སོ་སོའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་གལ་ཆེན་པོ་ཡིན་ཙང་འོས་འཕེན་པར་ཡོང་བ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག

དེ་རིང་ནས་འགོ་བཙུགས་ཏེ་རྒྱ་གར་རྒྱལ་ཡོངས་སུ་གྲོས་ཚོགས་འོག་མའི་འོས་བསྡུ་བྱེད་རྒྱུ་ཡིན་འདུག་ལ་ཕྱི་ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན་གྲུབ་འབྲས་གསལ་བསྒྲགས་བྱེད་རྒྱུ་ཡིན་པ་རེད། འོན་ཀྱང་ད་ལྟའི་འོས་བསྡུའི་ལས་དོན་དང་ཚོད་རྩིས་བྱེད་མཁན་ཚོས་རྒྱ་གར་གྱི་ཚོགས་པ་ཆེ་ཤོས་ཀོང་རེ་སི་ཨ་ཡི་ཚོགས་པ་དང་ཡང་ན་ཕྱོགས་འགལ་ཧིན་རྡུའི་ལྟ་བ་འཁྲེགས་པོར་འཛིན་མཁན་བི་ཇེ་པི་ཚོགས་པ་གཉིས་ཀར་རྒྱལ་ཁ་ཆེན་པོ་ཐོབ་རྒྱུའི་རེ་བ་དེ་ཙམ་མེད་ལུགས་དཔྱད་ཞིབ་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་ཉེ་བའི་ལོ་ཤས་གོང་ནས་བཟུང་ཆོས་ལུགས་དང་རིགས་རུས།ལྟ་བའི་མིང་ཐོག་འདྲ་མིན་གྱི་ཐོག་ནས་ཚོགས་པ་ཆུང་རྩག་རིགས་མང་པོ་ཞིག་ཡོད་དུས་འོས་འཕེན་རྒྱུར་རང་བཞིན་གྱི་ཁ་ཐོར་ཕྱིན་ནས་ཚོགས་པ་ཆེ་ཁག་གཅིག་ལ་འོས་ཐོབ་རྒྱུའི་རེ་བ་ཆུང་དུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎