འོས་འཕེན་རྒྱུའི་ཐོབ་ཐང་ལས་ཤེས་ཡོན་གྱི་ཐོབ་ཐང་གལ་ཆེ།
2009.09.06
༄༅༎རྒྱ་གར་གྱི་སྲིད་འཛིན་གཞོན་པས་རྒྱ་ཆེའི་མང་ཚོགས་ལ་ཤེས་ཡོན་གྱི་ཐོབ་ཐང་སྤྲོད་རྒྱུ་ནི་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ལས་གལ་ཆེ་བར་ངོས་འཛིན་གནང་དགོས་ལུགས་གསུངས་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཧ་མིརྡ་ཨན་ས་རི་མཆོག་གིས་རྒྱལ་ཁབ་ནང་མང་ཚོགས་ཀྱི་ཤེས་ཡོན་གོང་མཐོར་སྤེལ་རྒྱུ་གལ་ཆེར་ངོས་འཛིན་གྱིས་ཤེས་ཡོན་གྱི་ཐོབ་ཐང་རྒྱས་བཅད་བཟོ་དགོས་པའི་སྐུལ་དེད་གནང་ཡོད་ལུགས་ཨིན་ཌོ་ཨེ་ཤེ་ཡེན་ནིའུསེ་སར་ལྦི་སི་ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག སྲིད་འཛིན་གཞོན་པའི་གསུང་བཤད་དེ་བཞིན་རེས་གཟའ་སྤེན་པའི་ཉིན་དགེ་རྒན་གྱི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་སྐབས་གསུངས་གནང་ཡོད་འདུག དེ་ཉིན་ལོ་ལྟར་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་གསུམ་བརྒྱ་ཐམ་པར་ཕུལ་བྱུང་གི་གཟེངས་རྟགས་གནང་ཡོད་རེད། མཛད་སྒོའི་ཐོག་སྲིད་འཛིན་གཞོན་པ་ཨན་ས་རི་མཆོག་གིས་ལོ་དྲུག་ནས་བཅུ་བཞི་བར་གྱི་ན་གཞོན་ཚོར་སློབ་ཡོན་མེད་པར་སྔོན་འགྲོའི་སློབ་སྦྱོང་གི་ཐོབ་ཐང་རྒྱས་བཅད་བཟོ་རྒྱུར་ལོ་དྲུག་བཅུ་ཙམ་འགོད་ཡོད་རེད་ཅེས་གསུངས་གནང་འདུག ཟླ་བ་སྔོན་མ་རྒྱ་གར་གྱི་གྲོས་ཚོགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཤེས་ཡོན་གྱི་ཐོབ་ཐང་རྒྱས་བཅད་ཀྱི་ཁྲིམས་གཞི་གཏན་འབེབས་གནང་ཡོད་དའདུག སྲིད་འཛིན་གཞོན་པས་ཤེས་ཡོན་གྱི་ཐོབ་ཐང་ནི་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ལས་གལ་ཆེ་བ་ངོས་འཛིན་གནང་དགོས་པའི་འབོད་བསྐུལ་ཞུས་གནང་འདུག།