ཞི་བའི་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་གནང་རྒྱུར་མོས་མཐུན་བྱུང་།
2020.06.06

ལ་དྭགས་གི་ཤར་ཕྱོགས་སུ་རྒྱ་གར་དང་རྒྱ་ནག་གི་དམག་མིའི་དབར་ས་མཚམས་སུ་འཁྲུག་རྩོད་བྱུང་བའི་རྗེས་ཡུལ་གྲུ་གཉིས་ཀྱི་སྤྱི་ཁྱབ་དམག་སྤྱི་གཞོན་པའི་གནས་རིམ་ཀྱི་མི་སྣའི་དབར་དཀའ་རྙོག་དེ་སེལ་ཐབས་ཀྱི་གྲོས་མོལ་ཐེངས་དང་པོ་དེ་གནང་བཞིན་ཡིན་འདུག
དེ་ཡང་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ལ་དྭགས་ཁུལ་ཡོད་པའི་14 Corps ཞེས་པའི་དམག་སྒར་གྱི་སྤྱི་ཁྱབ་དམག་སྤྱི་གཞོན་པ་ཧ་རིན་ད་ར་་སིང་(Harinder Singh) གིས་སྣེ་ཁྲིད་གནང་ཡོད་པ་དང་། རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་དམག་དོན་རྫོང་ལས་ཁང་གི་དམག་སྤྱིས་སྣེ་ཁྲིད་གནང་ཡོད་ལུགས་རྒྱ་གར་གྱི་The Times of India ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག ལྷན་ཚོགས་དེ་བཞིན་རྒྱ་ནག་གི་ས་ཁོངས་ཡིན་ཟེར་སའི་ས་མཚམས་ཀྱི་Maldo ཞེས་པའི་ས་ཁུལ་ནང་ལྷན་ཚོགས་གནང་བཞིན་ཡིན་འདུག རྒྱ་གར་གྱི་དམག་མིའི་མགྲིན་ཚབ་པས་གྲོས་མོལ་ག་རེ་བྱུང་ཡོད་མེད་སྐོར་གསལ་བཤད་མ་གནང་བའི་ཐོག ད་ལྟ་ཡོད་བཞིན་པའི་དཀའ་རྙོག་དེ་བཞིན་ཞི་དྲག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་གྱི་ལམ་ནས་སེལ་ཐབས་གནང་བཞིན་ཡིན་ལུགས་བཤད་བཞག དེ་རིང་རེས་གཟའ་སྤེན་པ་བར་ཕྱོགས་གཉིས་ཀྱི་དམག་སྤྱིའི་དབར་གྲོས་མོལ་རིམ་པ་ཐེངས་༡༢དང་། སྤྱི་ཁྱབ་དམག་སྤྱིའི་དབར་གྲོས་མོལ་ཐེངས་གསུམ་གནང་ཡང་གྲུབ་འབྲས་གང་ཡང་ཐོན་མེད་པ་རེད་བཞག
རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་དམག་དཔོན་དབར་གྱི་གྲོས་མོལ་དེ་བཞིན་ ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མི་སྣའི་དབར་གྲོས་མོལ་གནང་ནས་ཚོར་བ་རྣོ་བ་དང་། མི་མཐུན་པའི་གནས་དོན་རྣམས་ཕན་ཚུན་གུས་བརྩི་དང་། ཞི་བའི་གྲོིས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་གནང་རྒྱུར་མོས་མཐུན་བྱུང་བའི་རྗེས་སུ་ལྷན་ཚོགས་གནང་བ་ཞིག་ཡིན་འདུག
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ཚབས་ཆེའི་གནས་སྟངས་དེ་བཞིན་ཉེ་སྔོན་ཕྱི་ཟླ་༥ཚེས་༥དང་༦ཉིན་རྒྱ་ནག་དང་རྒྱ་གར་གྱི་དམག་མི་༢༥༠ཙམ་དབར་སྤང་གོང་མཚོ་ཁུལ་དུ་གདོང་ཐུགས་འཁྲུག་རྩོད་བྱུང་བ་དང་། དེ་བཞིན་ཚེས་༩ཉིན་འབྲས་ལྗོངས་ཀྱི་བྱང་ཕྱོགས་སུ་ཕྱོགས་གཉིས་ཀྱི་དམག་མིའི་དབར་འཁྲུག་རྩོད་བྱུང་བའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།།