རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཁབ་ཕན་ཚུན་དབར་དོགས་གཟོན་སྤངས་ཏེ་བསམ་ཤེས་དང་རྒྱབ་སྐྱོར་དགོས་ཚུལ་བརྗོད་འདུག

2025.01.27
རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཁབ་ཕན་ཚུན་དབར་དོགས་གཟོན་སྤངས་ཏེ་བསམ་ཤེས་དང་རྒྱབ་སྐྱོར་དགོས་ཚུལ་བརྗོད་འདུག རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན། ༢༠༢༥།༠༡།༢༧ ཉིན།
Xu Feihong/X

འདི་ཚེས་ ༢༧ ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབར་ཐུག་འཕྲད་གྲུབ་མཚམས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྦང་ཡི་ནས། རྒྱ་གར་དང་རྒྱ་ནག་གཉིས་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་ཡར་རྒྱས་གལ་ཆེར་ངོས་འཛིན་གྱིས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཡར་རྒྱས་ཐད་གོམ་སྟབས་སྤོ་དགོས་པ་ལས། ཕན་ཚུན་དོགས་གཟོན་བྱ་རྒྱུ་མེད་ཅེས་བརྗོད་ཡོད་པ། རྒྱ་ནག་གཞུང་གི་གསར་ཁང་ (CGTN) གིས་སྤེལ་འདུག

ད་ལྟའི་ཆར་རྒྱལ་ཁབ་གཉིས་ཀའི་གཞུང་འབྲེལ་བསྒྲགས་གཏམ་ཐོན་མེད་ཀྱང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝིཀ་རམ་མིས་རི་ (Virkram Misri) ལགས་ནས་རྒྱ་དཀར་ནག་གཉིས་ནས་མི་མཐུན་པའི་ཆ་རྣམས་གྲོས་མོལ་གྱི་ལམ་ནས་འགྲིག་འཇགས་ཆེད་མཉམ་ལས་སླར་གསོ་བྱ་རྒྱུའི་མོས་མཐུན་བྱུང་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་གསར་ཁང་སྟེང་འཁོད་འདུག་ལ། དེ་མ་ཟད་རྒྱ་གར་གྱིས་འདི་ལོ་ཕྱི་ལོ་༢༠༢༥ ལོར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་བཙུགས་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་བརྩི་མཉམ་རུབ་ཐོག་བྱ་འདོད་ཡོད་པ་གསལ་སྟོན་གནང་འདུག

ཐེངས་འདིའི་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝིཀ་རམ་མིས་རི་ (Virkram Misri) ལགས་ནས་རྒྱ་གར་དང་རྒྱ་ནག་དབར་གྱི་ཕྱི་འབྲེལ་དྲུང་ཆེ་དང་བློན་ཆེན་གཞོན་པའི་ (Foreign Secretary-Vice Minister Mechanism between Indian and China) ཚོགས་འདུའི་ཐོག རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་ལྷན་ཁང་གི་གཙོ་འཛིན་ (Liu Jianchao) ཡང་ཐུག་འཕྲད་བྱུང་འདུག

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཞི་འཇམ་དུ་འགྲོ་རྒྱུར་དམིགས་པའི་ཚོགས་འདུ་དེ་དང་འབྲེལ། ཐེངས་འདིའི་ཕྱོགས་གཉིས་ཀྱི་ཕྱི་སྲིད་དྲུང་ཆེ་དང་བློན་ཆེན་གཞོན་པའི་རིམ་པའི་ཚོགས་འདུའི་དེ་ནི་དེ་སྔའི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབུ་ཁྲིད་ཕན་ཚུན་གྱི་མོས་མཐུན་རྒྱུན་སྐྱོང་ཐོག་ཡོང་འགྱུར་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། མི་དང་མིའི་འབྲེལ་ལམ་གོང་སྤེལ་གཏོང་ཆེད་ཡིན་པ། འདི་ཚེས་ ༢༣ ཉིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་བསྒྲགས་གཏམ་སྤེལ་ཡོད་པ་རེད།

གནད་དོན་དེ་དང་འབྲེལ། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་རྒྱལ་སར་རྟེན་གཞི་བྱས་པའི་ཏཀ་ཤ་ཤཱི་ལཱ་རིག་གཞུང་བསྟི་གནས་ཁང་གི་ཉམས་ཞིབ་པ་མ་ནཱོཇ་ཀེ་ཝལ་ར་མཱ་ནི་ལགས་ (Manoj Kewalramani) ཀྱིས་གསུངས་དོན་ལ། གྲོས་མོལ་བརྒྱུད་རྒྱ་གར་ཕྱོགས་ལ་གྲུབ་འབྲས་སོན་སླ་བ་ཁག་ཅིག་ནི། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་གནས་འཇལ་གཏང་འགོ་འཛུགས་རྒྱུ་དང་། རྒྱ་གར་དང་རྒྱ་ནག་དབར་སྔར་བཞིན་ཐད་ཀར་གནམ་གྲུ་མུ་མཐུད་རྒྱུ། དེ་བཞིན་རྒྱ་གར་བ་རྣམས་ལ་རྒྱ་ནག་ཏུ་འགྲོ་བསྐྱོད་ཆེད་མཐོང་མཆན་ཐོབ་སླ་རུ་གཏང་རྒྱུ་སོགས་ཡོད་སྐོར་འབྲེལ་བརྗོད་གནང་བྱུང་ལ། གྲོས་མོལ་བརྒྱུད་ལམ་མུ་མཐུད་པ་དེས་རྒྱལ་ཁབ་གཉིས་ཀས་གནད་དོན་འདི་དག་གལ་ཆེན་པོར་རྩི་གི་ཡོད་པ་གསལ་པོ་རེད་ཅེས་གསུངས་སོང་།

རྩ་བའི་ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་བར་ས་མཚམས་ཀྱི་རྩོད་རྙོག་བྱུང་བར་བརྟེན་རྒྱ་གར་གཞུང་གིས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ་སོགས་ཀྱི་མཐོང་མཆན་ལ་དམ་དྲག་དང་། རྒྱ་ནག་གི་མཉན་ཆས་ལ་བཀག་སྡོམ་བྱས་པ་སོགས་བརྒྱུད་ཕྱོགས་གཉིས་ཀྱི་འབྲེལ་བ་ཞན་དུ་ཕྱིན་ཡོད། ཉེ་ལམ་ཨུ་རུ་སུའི་གྲོང་ཁྱེར་ཀ་ཛན་དུ་འཚོགས་པའི་བྷི་རིག་སི་(BRICS)ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཀྱི་ཞོར་དུ་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་ (Narendra Modi) ལགས་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱི་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སླར་གསོ་བྱ་རྒྱུའི་སྐོར་གླེང་སློང་གིས་ཕྱོགས་གཉིས་དབར་གྲོས་མོལ་འགོ་བཙུགས་ཡོད།

དེ་དང་འབྲེལ་ཏེ་ཉམས་ཞིབ་པ་མ་ནཱོཇ་ཀེ་ཝལ་ར་མཱ་ནི་ལགས་ཀྱི་མུ་མཐུད། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་མཐུད་པ་དེ་ཡག་པོ་ཡིན་ནའང་། ས་མཚམས་དཀའ་རྙོག་ཐད་ལམ་སེང་གྲུབ་འབྲས་ཆེན་པོ་ཐོན་པའི་རེ་བ་མེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཀ་ཛན་ (Kazan) དུ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་བར་གྲོས་མོལ་འགོ་བཙུགས་པའི་རྗེས་ཁ་སྔོན་ཕྱི་ཟླ་ ༡༢ ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) དང་། རྒྱ་གར་བདེ་འཇགས་སློབ་སྟོན་པ་ཨ་ཇིཊ་ཊོ་བལ་ (Ajit Doval) རྣམས་གཉིས་པེ་ཅིན་དུ་ཐུག་འཕྲད་ཀྱིས་སྐབས་དེར་ཕྱོགས་གཉིས་ནས་རྒྱ་དཀར་ནག་གཉིས་ཀྱི་སྤྱི་ཡོངས་ཀྱི་འབྲེལ་ལམ་བཟང་དུ་གཏོང་ཆེད་ས་མཚམས་སུ་ཞི་བདེ་ཡོང་བའི་ཐབས་ལམ་འཚོལ་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད།

གཞི་རྩའི་ཕྱི་ལོ་ ༢༠༢༠ ནང་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ (Line of Actual Control) གྱི་ལ་དྭགས་ཁུལ་གྱི་གྷལ་ཝན་ལུང་ཤོངས་སུ་ཕྱོགས་གཉིས་ཀྱི་དམག་དཔུང་བར་གདུང་ཐུག་གིས་རྒྱལ་ཁབ་གཉིས་ཀའི་དམག་མིར་སྲོག་སྐྱོན་ཤོར་བའི་གནས་ཚུལ་བྱུང་ཡོད་པ་དང་། དེ་ལ་བརྟེན་ནས་ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་ལ། འདས་པའི་ལོ་བཞི་ལྷག་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཞི་འགྲིག་མ་ཐུབ་པར་ལུས་ཡོད།

ཉེ་ལམ་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ནང་ཨུ་རུ་སུའི་གྲོང་ཁྱེར་ཀ་ཛན་དུ་བྷི་རིག་ཚོགས་འདུའི་སྐབས་རྒྱ་དཀར་ནག་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་བར་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་བར་གྲོས་མོལ་འགོ་བཙུགས་ཀྱིས་འབྲེལ་ལམ་བསྐྱར་གསོ་བྱས་ཡོད་པ་དང་། དེ་རྗེས་ཕྱི་ཟླ་ ༡༢ ནང་རྒྱ་དཀར་ནག་གཉིས་ཀྱི་དམིགས་བསལ་སྐུ་ཚབ་ཀྱི་ཚོགས་འདུ་ཞིག་རྒྱ་ནག་ཏུ་བསྐོང་ཚོགས་གནང་ཡོད་ཅིང་། ད་ཐེངས་ཀྱི་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་བློན་ཆེན་གཉིས་དབར་གྱི་ཚོགས་འདུ་དེ་ནི་ཕྱོགས་གཉིས་ཀྱི་འགོ་ཁྲིད་རིམ་པའི་གྲོས་མོལ་མཇུག་སྐྱོང་གིས་འབྲེལ་ལམ་བསྐྱར་གསོའི་ཆེད་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎