༸གོང་ས་མཆོག་ལ་སངས་རྒྱས་ཀྱི་སྐུ་བརྙན་ཞིག་ཕུལ་བ།
2009.01.09
༄༅༎ཨིན་ཌོ་ནེ་ཤི་ཡའི་རྩོམ་བྲིས་པ་དང་དེ་བཞིན་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱི་ལས་དོན་སྤེལ་གནང་མཁན་སྐུ་ཞབས་ཨ་ནན་ཀིརི་ཤན་ཡིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡོ་ལས་གྲུབ་པའི་མཐོ་ཚད་མི་ཊར་གཉིས་དང་ཕྱེད་ཀ་ཙམ་ཡོད་པའི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་འབུལ་གནང་མཛད་དེ་གཟའ་པ་སངས་ཉིན་རྒྱ་གར་ལྦ་ར་ན་སིའི་མཐོ་སློབ་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སངས་རྒྱས་ཀྱི་སྐུ་བརྙན་དེར་རབ་གནས་བསྩལ་གནང་མཛད་ཡོད་པ་རེད། སངས་རྒྱས་ཀྱི་སྐུ་བརྙན་དེའི་རྒྱུ་ཆ་རྡོ་དེ་བཞིན་ཨིན་ཌོ་ནེ་ཤི་ཡར་དུས་རབས་དགུ་པའི་ནང་བཞེངས་པའི་འཛམ་གླིང་ནང་གི་ནང་པའི་དགོན་པ་ཆེ་ཤོས་སྦོ་རོ་སྦུ་རྡུར་ཞེས་པའི་རྡོའི་རིགས་དང་གཅིག་མཚུངས་ཡིན་ཞིང་སངས་རྒྱས་ཀྱི་སྐུ་བརྙན་དེ་རིང་མིན་གནས་མཆོག་རྡོ་རྗེ་གདན་གྱི་ནང་པའི་དགོན་པར་གདན་འདྲེན་ཞུ་འཆར་ཡོད་པ་རེད། སྐུ་ཞབས་ཀིརི་ཤན་ཡིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནའ་རྫས་རྡོ་རྒྱུ་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་བརྙན་དེ་འབུལ་ལམ་ཞུས་ནས་མ་འོངས་ཨིན་ཌོ་ནེ་ཤི་ཡ་དང་བོད་དབར་ཆོས་ལུགས་དང་རིག་གཞུང་གི་འབྲེལ་ལམ་གཟབ་ཏུ་གཏོང་ཐུབ་རྒྱུའི་ཆེད་དུ་ཡིན་པ་ཨིན་ཌོ་ནེ་ཤི་ཡའི་ནང་རྟེན་གཞི་བྱས་པའི་ཨ་ནན་ཨཤེ་རམ་ཐེབས་རྩ་ཚོགས་པའི་དྲ་རྒྱའི་ཐོག་གསལ་བསྒྲགས་སྤེལ་ཡོད་པའི་ནང་འཁོད་ཡོད་པ་དང་སྐུ་ཞབས་ཨ་ནན་ཀིརི་ཤན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སངས་རྒྱས་ཀྱི་སྐུ་བརྙན་དེ་འབུལ་བཞེས་མཛད་པའི་སྐབས་གསུང་ན་ཁོང་གིས་༸གོང་ས་མཆོག་ལ་སྐུ་བརྙན་འབུལ་གནང་མཛད་རྒྱུ་དེ་ཡང་༸གོང་ས་མཆོག་ལ་དད་གུས་མཚོན་རྒྱུ་དང་འབྲེལ་༸གོང་ས་མཆོག་གིས་བོད་རྒྱའི་དབར་གྱི་དཀའ་ངལ་སེལ་རྒྱུར་ལམ་དབུ་མའི་ཐབས་ལམ་གྱི་དགོངས་བཞེས་དེར་རྒྱབ་སྐྱོར་གནང་རྒྱུའི་དམིགས་ཡུལ་ཆེད་དུ་ཡིན་ཞེས་གསུང་ཡོད་འདུག