༸གོང་ས་མཆོག་ཨ་མི་རི་ཀ་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུ།
2010.05.08
༄༅༎ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་ཆོས་ལུགས་འདྲ་མིན་ཐོུང་ལས་གྲུབ་པའི་ངལ་སེལ་རོགས་ཚོགས་ཤིག་གིས་རིང་མིན་ཕྱི་ཟླ་༥པའི་ཚེས་༡༤ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་ཨིན་ཌི་ཡ་ན་མངའ་སྡེའི་རྒྱལ་ས་ཨིན་ཌི་ཡ་ན་པོ་ལིསི་རུ་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུའི་མཛད་རིམ་དེ་ནས་ཚོགས་པ་འདིའི་ངལ་སེལ་ལས་དོན་གྱི་ཆེད་ཨ་རིའི་ཌོ་ལར་ཁྲི་ལྔ་ནས་འབུམ་གཅིག་ཙམ་འདུ་འགོད་ཐུབ་རྒྱུར་རེ་བ་བྱེད་བཞིན་ཡོད་འདུག།
ཆོས་ལུགས་འདྲ་མིན་ཐོུང་ལས་གྲུབ་པའི་དྭང་བླངས་ཞབས་ཞུའི་ཚོགས་པ་དེ་ཕྱི་ལོ་༢༠༠༨ལོར་བཙུགས་པ་ཞིག་ཡིན་པ་དང་ སྐབས་བབས་ཚོགས་པ་འདིའི་ངོས་ནས་ ཨཕ་རི་ཀའི་ཡུལ་གྲུ་ཀེན་ཡའི་ནང་གི་སློབ་གྲྭ་ཁག་ཅིག་ལ་སློབ་གྲྭའི་ཡོ་བྱད་དང་སློབ་ཕྲུག་ཚོར་ཉིན་གུང་གི་ཁ་ལག་ནར་གཏོང་བྱེད་རྒྱུའི་ལས་འགུལ་ཞིག་རྩོམ་མུས་ཡིན་པ་ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་ཌེ་ལྦི་ཌི་མའེ་ནར་གྱིས་གསུངས་པ་ཞིག་Indianapolis Business Journalཞེས་པའི་ཉིན་རེའི་གསར་ཤོག་དེས་ལུང་འདྲེན་བྱས་འདུག།
སྔ་ལོ་ཚོགས་པ་དེའི་དཔལ་འབྱོར་འདུ་འགོད་ཀྱི་བྱུང་སྡོམས་ཌོ་ལར་ཆིག་འབུམ་ཆིག་ཁྲི་ཙམ་ཡིན་འདུག་པ་དང་ ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་སྐབས་ མི་དམངས་ཆིག་ཁྲི་ཉི་སྟོང་ནས་ཆིག་ཁྲི་ལྔ་སྟོང་ཙམ་བར་བཅར་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཆོས་ལུགས་འདྲ་མིན་ཐོུང་ལས་གྲུབ་པའི་ངལ་སེལ་རོགས་ཚོགས་དེའི་ཁོངས་སུ་ དེ་སྔོན་༧སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེས་བཙུགས་གནང་པའི་ བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་ལྟེ་གནས་ཁང་ཡང་ཡོད་པ་རེད།།