བོད་མིའི་གཞོན་སྐྱེས་ཚོ་འགོ་ཁྲིད་ཆགས་དགོས་ན་དཔལ་འབྱོར་དང་གོ་གནས་ལྟོས་མེད་ཀྱིས་སྤྱི་བའི་ལས་དོན་བསྒྲུབ་རྒྱུའི་ཀུན་སློང་དགོས་པ། དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་གསུངས་བྱུང་།

ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་ཚེས་ ༤ ཉིན་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་ ༢ པའི་ཉིན་གཉིས་པའི་སྐབས། སྐུ་མགྲོན་གཙོ་བོར་ཁེ་ན་ཌ་ Ontario མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་དང་། སུད་སི་ Oetwill am see གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས་རྣམ་གཉིས་ཆེད་ཕེབས་ཀྱིས། ཚོགས་བཅར་བ་རྣམས་ལ་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་བརྗོད་གཞིའི་གཏམ་བཤད་གནང་ཡོད་ཅིང་། ཁེ་ན་ཌ་ Ontario མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས། གཙོ་ཆེ་ཤོས་མཚན་སྙན་གྲགས་ལ་ལྟོས་མེད་ཀྱིས། སྤྱི་བའི་ལས་དོན་བསྒྲུབ་རྒྱུའི་ཀུན་སློང་དགོས་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞི་རྩའི་དེ་རིང་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་གཏམ་བཤད་སྐབས། བོད་མི་རྣམས་ཆབ་སྲིད་དོན་རྐྱེན་ལ་བརྟེན་ནས་བཙན་བྱོལ་དུ་ཡོང་དགོས་བྱུང་བ་དེས། ཁོང་ནས་ཁེ་ན་ཌའི་ཆབ་སྲིད་ནང་མཉམ་ཞུགས་གནང་དགོས་པའི་རྐྱེན་བྱས་ཡོད་པ་དང་། བོད་མི་རྣམས་ནས་བོད་དོན་ཞུ་གཏུག་སྐབས་རེ་ཙམ་མ་ཡིན་པར། ལོ་བསྟུད་མར་ཞུ་གཏུག་ལས་འགུལ་སྤེལ་དགོས་པ། དེ་བཞིན་བོད་མི་རྣམས་ནས་འོས་བསྡུའི་ནང་མཉམ་ཞུགས་གནང་དགོས་གལ་ཆེ་བ་སོགས་འགྲེལ་བརྗོད་གནང་སོང་།
ཡང་སུད་སི་ Oetwill am see གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས་ཀྱིས། དེ་སྔ་ཁོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་སྐབས། ༸གོང་ས་མཆོག་གིས། དཔལ་འབྱོར་དང་གོ་གནས་ལྟོས་མེད་ཀྱིས་མི་མང་ཞབས་ཞུ་གནང་དགོས་པའི་བཀའ་སློབ་དེས། ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་གསུངས་སོང་། དེ་བཞིན་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་མི་ཞིག་འགོ་ཁྲིད་བཟང་པོ་ཞིག་ཆགས་པར་དྲང་པོ་དང་ལྷག་བསམ་རྣམ་དག་བྱ་དགོས་པ་དང་། དེ་ལྟར་བྱེད་ན་མི་མང་གི་ཡིད་ཆེས་གནང་གི་རེད་ཅེས་གསུངས་བྱུང་།
ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གཞོན་སྐྱེས་ཚོགས་བཅར་བ་ཁག་ཅིག་ལ་དེ་ལྟ་བུའི་ཚོགས་འདུའི་གལ་གནད་ཀྱི་སྐོར་བཀའ་འདྲི་ཞུས་པར། ལྡི་ལི་ནས་ཡིན་པ་ལྷ་མོ་ཆོས་སྒྲོན་ལགས་ཀྱིས། ཚོགས་འདུ་དེའི་བརྒྱུད་བོད་མི་གཞོན་སྐྱེས་ཕན་ཚུན་རྒྱུས་ལོན་གང་ལེགས་ཁྲོད། བསམ་ཚུལ་བརྗེ་ལེན་སོགས་བྱུང་གི་ཡོད་པ་གསུངས་བྱུང་། གཞན་ཡང་ལོན་ཌོན་གནས་སྡོད་ཏྰ་ར་ལྷ་མོ་ལགས་ཀྱིས། བོད་མི་རྣམས་དེང་སྐབས་ས་ཕྱོགས་གང་སར་གནས་སྡོད་བྱེད་ཀྱི་ཡོད་དུས། ཚོགས་འདུ་དེའི་ཁྲོད་གཞོན་སྐྱེས་ཕན་ཚུན་ཐུག་འཕྲད་དང་བསམ་ཚུལ་བརྗེ་ལེན་གང་ལེགས་ཡོང་གི་ཡོད་པ་གསུངས་བྱུང་།
གཞི་རྩའི་ཉིན་གསུམ་རིང་གི་གཞོན་སྐྱེས་ཚོགས་ཆེན་དེ་བཞིན་འདི་ཚེས་ ༥ ཉིན་མཇུག་སྒྲིལ་གྱི་ཡོད་པ་དང་། མཇུག་སྡོམ་གྱི་མཛད་སྒོར་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Prem Singh Tamang སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་འཆར་ཡོད་པ་རེད་འདུག་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་འདི་ཚེས་ ༦ ཉིན་གཞུང་འབྲེལ་གྱི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་གཏན་འཁེལ་ཡོད་པ་རེད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།